བལ་ཡུལ་ལ་ཟླ་བ་གཅིག་རིང་མཚམས་དང་གནས་སྐོར་གྱི་ཟླ་ཐོ། 

དང་པོ།

 སྔ་ནས་གྲ་སྒྲིག་འཐུས་ཚང་ཟིན་པ་ལྟར་སྤྱི་ཟླ་བཅུ་པའི་སྤྱི་ཚེས་༣༡ ཉིན་མོ་ཆོས་ཚོགས་ཀྱི་འགན་འཛིན་ཟུར་པ་ཨ་མ་ཧར་ཌེ་Heidi དང་ལྷན་San jose airport ཞོགས་པ་སྔ་བོ་ཐོན་ནས་སོང་། གནམ་ཐང་འདི་ནས་ཆུ་ཚོད་བཅུ་བཞི་ཙམ་གྱི་སར་ཡོད་པའི་དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་Qatar ལ་སོང་། དེ་ནས་ཆུ་ཚོད་དྲུག་ཙམ་གྱིས་སར་ཡོད་པའི་བལ་པོའི་རྒྱལ་ས་ཁ་ཐ་མན་དྲུ་ལ་མཚན་མོ་ཆུ་ཚོད་དང་པོ་དང་ཕྱེད་སྐབས་བདེ་བར་འབྱོར། གནམ་ཐང་ཕྱི་ལོགས་ནས་ངོས་ཀྱི་གྲོགས་པོ་དངོས་གྲུབ་རྡོ་རྗེའི་གཅུང་པོ་མཚེ་མ་གཉིས་ནས་ལག་ཏུ་ཁ་བཏགས་དང་མེ་ཏོག་སོགས་བཟུང་ནས་སྒུག་འདུག ངེད་རྣམས་བདེ་མོ་ཁམས་འདྲི་གྲུབ་མཚམས་ཤར་བསྐྱོད་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་མགྲོན་ཁང་གསར་པ་ཞིག་ནང་དུ་འབྱོར། དེ་ནུབ་དེར་བསྡད་ཅིང་ཕྱི་ཉིན་སྔ་ནས་དུས་ཆད་བྱས་ཟིན་པ་ལྟར་བླ་རྒན་ཨོ་རྒྱན་ཚེ་མཆོག་དང་ཐུག་འཕྲད་བྱས་ཤིང་ངོ་ཤེས་དང་ཆོས་གྲོགས་མི་ཉུང་བ་ཞིག་དང་ལྷན་ཉིན་གུང་ཟ་མ་བཟའ་རུ་ཕྱིན། ཕྱི་ཉིན་སྔ་ནས་དུས་ཆད་བྱས་པ་ལྟར་མཁན་པོ་ཨོ་རྒྱན་འོད་ཟེར་བརྒྱུད་ནས་རྒྱལ་ས་ཀ་ཐ་མན་དྲུ་ལ་སོང་ནས་དེབ་བཟོ་མཁན་ལ་ངོས་ཀྱི་ནང་ཆོས་ཀྱི་སྐོར་དེབ་གཉིས་བཟོ་རྒྱུ་སྤྲད། ཕྱི་ཉིན་ལྷ་བབས་དུས་ཆེན་ཡིན་སྟབས་མཁན་པོ་ཨོ་རྒྱན་འོད་ཟེར་དང་། ནང་ཆེན་མཁན་པོ་གཞན་དག་ཞིག་བཅས་ངེད་གསུམ་ཡང་ལེ་ཤོད་བན་ཆེན་དགོན་པའི་མགྲོན་ཁང་ནང་དུ་འབྱོར། བན་ཆེན་དགོན་པའི་བཤད་གྲྭ་དང་སློབ་གྲྭ་སྒྲུབ་ཁང་སོགས་མཉམ་དུ་ཡོད་པ་མ་ཟད་མགྲོན་ཁང་གི་མདུན་དུ་མཆོད་རྟེན་མཐོ་ཞིང་བརྗིད་ལ། བཟོ་བཀོད་ལེགས་པ་ཞིག་ཡོད་པ་དེ་ནི་སྐྱབས་རྗེ་བསྟན་དགའ་རིན་པོ་ཆེའི་སྐུ་གདུང་ཡིན་སྐད་འདུག མཚན་མོ་མགྲོན་ཁང་འདིར་བསྡད་ནས་ཉིན་མོ་ཞོགས་པ་སྔ་བོར་ལངས་ནས་ཨ་སུ་རའི་བྲག་ཕུག་ནང་དུ་གྱེན་ལ་དང་རྡོ་སྐས་མང་པོ་རྒྱུད་ནས་ཉིན་ལྟར་འགྲོ་དགོས་ཡོད། དེ་ནི་ལུས་ཀྱི་འཕྲོད་བསྟེན་ལའང་སྟེས་དབང་གིས་ཁེ་སང་ཞིག་རེད་འདུག

གཉིས་པ་ཡང་ལེ་ཤོད་ནི། 
 བལ་ཡུལ་ཡང་ལེ་ཤོད་ནི་རྒྱལ་ས་ཀ་ཐ་མན་དྲུ་ནས་རྒྱང་ཐག་ཀི་ལོ་མེ་ཊར་༢༥་ཡོད་ཅིང་སྒེར་སྤྱོད་རླངས་འཁོར་ཊ་སེ་གླས་ན་ནེ་སྒོར་ཆིག་སྟོང་རེད་འདུག ཡང་ལེ་ཤོད་ནི་བལ་ཡུལ་གྱི་ས་ཆ་ནས་འཁོར་ཡུག་དང་ས་ཆ་སོགས་སྐྱིད་ཤོས་ཤིག་ཡིན་པ་མ་ཟད། ས་དཔྱད་ནང་ནས་མི་མཐུན་པའི་འབྱུང་བའི་སྒྲོན་ཆེན་བཞི་དང་བྲལ་མཐུན་རྐྱེན་གནམ་ལ་འཁོར་ལོ་རྩིབ་བརྒྱད། ས་ལ་པདྨ་འདབས་བརྒྱད། ལོགས་ལ་བཀྲ་ཤིས་རྟག་བརྒྱད་སོགས་ཚང་ཞིང་། ས་དཔྱད་རིན་ཆེན་སྤུངས་པ་ལས། ཤར་ཕྱེས་ལྷོ་སྤུངས་ནུབ་འདན་པ། བྱང་ནི་ཡོལ་བས་བྲེལ་འདྲ་བཟང་། ཞེས་གསུངས་པ་ལྟར་ས་དཔྱད་ཕུན་སུམ་ཚོགས་ཤིང་མཐུན་རྐྱེན་འཛོམས་པའི་གནས་ཡིན་ཅིང་དམ་པའི་སྐྱེས་བུ་མང་པོའི་ལུང་གིས་ཟིན་ཅིང་བསྔགས་པའི་གནས་ཉིད་ཡིན་ནོ། གསོལ་འདེབས་ལེའུ་བདུན་མ་ལས། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུཿ ཡང་དག་བདེ་ཆེན་སྙིང་པོ་སྒྲུབ་པའི་ཚེཿ བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལཿ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབཿ རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབསཿ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ ཞེས་ལུང་སྟན་དང་གསོལ་འདེབས་ཇི་ལྟར་གནང་བའི་གནས་ཆེན་ཡང་ལེ་ཤོད་ནི་ནང་པ་དང་ཧིན་དྷུ་སོགས་ཐུན་མོངས་འདྲེས་མའི་གནས་ཞིག་ཏུ་མངོན། སྤྱིར་བཏང་རྒྱ་བལ་འབྲུག་སོགས་གསང་སྔགས་ཀྱི་བསྟན་པ་གང་དུ་དར་སའི་གནས་རྣམས་སློབ་དཔོན་རིན་པོ་ཆེའི་ཞབས་ཀྱིས་མ་བཅགས་ས་ཞིག་གཏན་ནས་མེད་མོད་ལྷག་པར་དུ་བལ་ཡུལ་ཡང་ལེ་ཤོད་འདི་སློབ་དཔོན་རིན་པོ་ཆེའི་ཐུགས་ཀྱི་གནས་ཡིན་ཅེས་གནས་ཆེན་ཉེར་ལྔའི་མདོ་བྱང་ལས། རྒྱ་གར་རྒྱ་ནག་བོད་ཡུལ་ལ་སོོགས་པརཿ གནས་ཀྱི་བྱེ་བྲག་བརྗོད་ཀྱི་མི་ལང་ཡང་ཿ ཐུགས་ཀྱི་གནས་མཆོག་བལ་ཡུལ་ཡང་ལེ་ཤོདཿ ཅེས་གསུངས་པ་ལྟར་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་གནས་སུ་སྔགས་ཞིང་སློབ་དཔོན་རིན་པོ་ཆེ་བྲག་ཕུག་མ་ར་ཏི་ཀར་གསང་ཡུམ་མན་དྷ་ར་བ་དང་ལྷན་འཆི་མེད་ཚེ་ཡི་རིག་འཛིན་གྱི་སྒྲུབ་པ་ལ་བཞུགས་པའི་སྐབས་སུ་འཆི་མེད་ཚེ་ཡི་རིག་འཛིན་གོ་འཕང་བརྙེས་ཀྱང་། མཐར་ཐུག་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཐར་ཕྱིན་པའི་ཆེད་དུ་བལ་མོ་ཤཱཀྱ་དེ་ཝ་དང་ལྷན་དུ་གནས་འདིར་ཡང་དག་བདེ་ཆེན་སྙིང་པོའི་སྒྲུབ་པ་ལ་གཞོལ། ས་གནས་དེར་གནས་པའི་ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་བར་ཆད་ཀྱི་དབང་གིས་འཐོ་འཚམས་པ་ན་སློབ་དཔོན་གྱིས་ཕུར་པ་རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས་ལྷ་ཀླུ་སྡེ་བརྒྱད་སོགས་དམ་འོག་ཏུ་བཅུགས་ནས་བསེ་ཡི་ལྷ་མོ་མཆེད་བཞི་དང་། བརྟན་པ་བཅུ་གཉིས་སོགས་དམ་ལ་བཏགས་ཤིང་བོད་ཁམས་སྐྱོང་བའི་བརྟན་མར་མངའ་གསོལ། གནས་འདི་ཉིད་དུ་གུ་རུ་རིན་པོ་ཆེ་མི་ལོ་གསུམ་ལྷག་རིང་བཞུགས་ཤིང་རིག་འཛིན་བཞི་ལས་ཕྱག་ཆེན་རིག་འཛིན་གྱི་གོ་འཕངས་མངོན་དུ་བརྙེས་པའི་གནས་སོ། ཆོས་རྒྱལ་ཁྲིའུ་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་བོད་ལ་གདན་འདྲེན་ཆེད་དུ་ཕོ་ཉ་བཏངས་བའི་སྐབས་སུ་སློབ་དཔོན་རིན་པོ་ཆེ་གནས་འདིར་བཞུགས་ཡོད་ཅིང་སློབ་དཔོན་རིན་པོ་ཆེའི་རྒྱ་བལ་སོགས་སུ་ཐ་མའི་མཛད་པ་བསྟན་ས་ཡང་གནས་འདི་ཉིད་ཡིན་ནོ།

 སྤྱིར་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པ་དང་། གང་ཟག་གིས་གནས་བྱིན་གྱིས་བརླབས་པ་གཉིས་སུ་ཡོད་པ་ལས་གནས་འདིའི་ནི་གང་ཟག་བྱིན་གྱིས་བརླབས་ནུས་ཤིང་གང་ཟག་བསྐལ་མེད་ལོག་ལྟ་ཅན་རེ་ཟུང་ཡིན་ན་མ་གཏོགས་གནས་དེར་ཕྱིན་པ་ཙམ་གྱིས་ཐ་མལ་པའི་སྣང་བ་རེ་ཞིག་འགག་ཞིང་། མ་འབད་ཀྱང་རང་བཞིན་གྱིས་དཀར་ཆོས་ཀྱི་ཡོན་ཏན་རྣམས་གོང་དུ་འཕེལ་འགྲོ་བ་ནི་སྤྱིར་གནས་མཆོག་དམ་པའི་ཁྱད་ཆོས་ཡིན་ཅིང་། རྗེ་མི་ལས། མི་མེད་ལུང་པའི་བྲག་ཕུག་ལ།། སྐྱོ་ཆད་དེ་བ་ལ་སངས་དུས་མེད།། བླ་མ་དུས་གསུམ་སངས་རྒྱས་ལ།། ཡིད་དུང་ངེ་བ་ལ་འབྲལ་བ་མེད།། ཅེས་དང་། མི་མེད་ལུང་པའི་བྲག་ཕུག་ལ།། སྤྱོད་ལམ་ཐམས་ཅད་དགེ་བ་ཡིན།། ཅེས་སོགས་གསུངས་པ་ལྟར་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་ནས། བལ་ཡུལ་ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ་སོན་སྐབས།། མ་དག་འཁྲུལ་པའི་སྣང་བ་འཇའ་སྤྲིན་དུ་དེངས་ནས།། རྩོལ་བཅས་ལམ་གྱིས་བསྒྲུབས་པའི་ལྷ་སྐུ་ཙམ་མིན་པར།། ངེས་དོན་སྒྱུ་འཕྲུལ་དྲྭ་བའི་རང་ཞལ་དེ་མཇལ་བྱུང་།། ཞེས་བསླུ་མེད་རྡོ་རྗེའི་སྔགས་ལུང་མང་པོ་ནས་ཟིན་ཅིང་དམ་པའི་སྐྱེ་བུ་མང་པོའི་ཡང་ནས་ཡང་དུ་བསྔགས་པ་དང་། གུས་ཀྱང་འདས་པའི་བགྲང་བྱ་བཅུ་ཕྲག་འགའ་ཡི་རིང་རྒྱ་བལ་སོགས་གནས་སྐོར་ལ་ཁྱི་སྡོམ་བཞིན་དུ་འཁྱམས་ཉུལ་བྱས་པས་ཡང་ལེ་ཤོད་ཀྱི་གནས་འདི་ནི་འབྱུང་བའི་ས་བཅུད་མ་ཉམས། གནས་ཀྱི་བྱིན་རླབས་མ་ཡལ། བཀའ་གཏེར་གསང་སྔགས་ཀྱི་མཚོ་གཏེར་མ་སྐམ་པའི་ངོས་ཀྱི་ཆེས་དད་ཆེ་ཤོས་དང་། དགའ་ཆེ་ཤོས་ཀྱི་གནས་མཆོག་ཁྱད་པར་ཅན་འདི་ཉིད་ཡིན་ནོ།

གསུམ་པ་ཨ་སུ་རའི་བྲག་ཕུག་ནི། 

 མཆོག་གླིང་ཟབ་གཏེར་ལས། ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་དང༔ གླང་ཆེན་དཔལ་གྱི་དཔལ་གྱི་སེངྒེ་ཡིས༔ ཞིང་ཆེན་བརྡལ་བའི་གདན་སྟེང་དུ༔ བརྟན་མ་ཆེན་མོ་བཅུ་གཉིས་རྣམས༔ བཀུག་སྟེ་དམ་ལ་བཞག་པ་བཞིན༔ ཕྲིན་ལས་མཛད་ཕྱིར་གནས་འདིར་གཤེགས༔ རྒྱ་གར་བལ་བོད་ས་མཚམས་ཀྱི༔ སོ་ཁ་སྲུང་བའི་བརྟན་མ་ཆེ༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་མོ་བཞི་པོ་འཁོར་དང་བཅས༔ ཞེས་སོགས་བསླུ་མེད་རྡོ་རྗེ་བཀའ་ལུང་གིས་ཟིན་པའི་གནས་ཁྱད་པར་ཅན་འདིར་བསེ་མོ་མཆེད་བཞི་ནང་ནས་ལྷོ་ཡི་ནག་མོ་ཆེན་མོ་ལྷ་ར་ཉིད་ལ་གནས་འདིར་སྲུང་དགོས་པའི་བཀའ་གཏད་པ་ལྟར་ཨ་སུ་རའི་བྲག་ཕུག་གི་རྒྱབ་རིའི་ངོགས་སུ་གནས་ཤིང་རྗེས་སོར་ཕམ་མཐིང་གྲོང་ཁྱེར་ལྷོ་ནུབ་ལུང་པ་གཉིས་ཀྱི་ཆུ་བོ་འདྲེས་སའི་གནས་སུ་ལྷ་མོ་ཉིད་གནས་སྤོས་པ་ཡིན་ཅེས་ལུང་པ་འདིའི་མི་རྣམས་ཀྱི་ཁ་རྒྱུན་དུ་གྲགས་ཤིང་། དེ་ནི་དེང་སང་ཡུལ་མི་རྣམས་ཀྱིས་དཀྵིན་ཀ་ལི་Dakshinkali ཞེས་པའི་གནས་དེ་ཡིན་ནོ། ཡང་གནས་མཆོག་ཨ་སུ་ར་ལ་ཡུལ་མི་རྣམས་ཀྱིས་གོ་རག་ནཱཐ་ཞེས་འབོད་སྲོལ་ཡོད། དེ་ནི་གནས་དེར་དྲང་སྲོང་གོ་ར་ནཱཐ་ཡུན་རིང་བཞུགས་ཤིང་གང་ཟག་གི་མིང་གནས་ལ་ཐོག་པ་འདྲ། དྲང་སྲོང་གོ་ར་ནཱཐ་ནི་ཡུལ་མི་རྣམས་ཀྱིས་ལྷ་དབང་ཕྱུག་ཆེན་པོའི་སྤྲུལ་པ་ཡིན་པར་འདོད་ཅིང་། སྐབས་དེ་དུས་བལ་ཡུལ་གྱི་རྒྱལ་པོ་ཆེན་པོ་བཞི་པོ། ཕམ་མཐིང་རྒྱལ་པོ་པ་ཅཱ་ལི་དང་། ཡེ་རང་རྒྱལ་པོ། ཁོ་ཁོམ་རྒྱལ་པོ། ཡམ་བུའི་རྒྱལ་པོ་བཅས་རྒྱལ་པོ་ཆེན་པོ་བཞི་ཕེབས་ནས་དྲང་སྲོང་གོ་ར་ནཐཱ་ལ་མཆོད་འབུལ་བྱེད་ཀྱི་ཡོད་ཅེས་བྲག་ཕུག་མདུན་གྱི་ཞབས་རྗེས་ཡོད་པའི་གཤམ་འོག་ཏུ་བལ་པོའི་ཡིག་ཐོག་ཏུ་བྲིས་འདུག་ཟེར། ཨ་སུ་རའི་བྲག་ཕུག་གི་མདུན་དུ་ཞབས་རྗེས་ཆེན་པོ་འབུར་དུ་དོད་པ་གཉིས་ཡོད་པ་དེ་དེང་སང་ཧིན་རྡུའི་རྗེས་འབྲངས་པ་རྣམས་ཀྱིས་འདོད་བཟོ་བྱས་ནས་བསྒྱུར་བཅོས་གཏང་བ་མ་གཏོགས་ཞབས་རྗེས་ངོ་མ་དེ་རྡོ་བཅལ་གྱི་ཞབས་སུ་ཡོད་པར་བཤད་ཅིང་ཞབས་རྗེས་དེ་ཉིད་ཀྱང་དྲང་སྲོང་དེ་ཉིད་ཀྱི་ཞབས་རྗེས་རེད་ཅེས་བཤད་མཁན་འདུག གང་ལྟར་ཡང་ཧིན་རྡུ་རྗེས་འབྲངས་བ་རྣམས་ཀྱིས་དྲང་སྲོང་གོ་ར་ནཱཐ་ནི་ལྷ་དབང་ཕྱུག་ཆེན་པོའི་རྣམ་འཕྲུལ་ཡིན་པར་ངོས་འཛིན་བྱེད་ཅིང་གནས་འདི་ཉིད་ལྷ་དབང་ཕྱུག་ཆེན་པོའི་གནས་སུ་ངོས་འཛིན་བྱེད་ཀྱི་ཡོད། ནང་པ་རྣམས་ཀྱིས་དྲང་སྲོང་གོ་ར་ནཱཐ་ནི་རྒྱ་གར་གྲུབ་ཆེན་བརྒྱད་བཅུའི་ནང་གསེས་གྲུབ་ཐོབ་གོཽ་རཀྵ་ཡིན་པར་ངོས་འཛིན་བྱེད་ཅིང་། བྲག་ཕུག་གི་གཡས་ངོས་སུ་ཡོད་པའི་ཕྱག་རྗེས་དང་། བྲག་ཕུག་གི་མདུན་དུ་ཡོད་པའི་ཞབས་རྗེས་གཉིས་པོ་འདི་རྣམས་དྲང་སྲོང་འདིའི་ཡིན་པར་བཤད་ཀྱི་ཡོད། ནང་པ་རྣམས་ཀྱིས་བཤད་ན་བྲག་ཕུག་གི་གཡས་ངོས་སུ་ཡོད་པའི་ཕྱག་རྗེས་དེ་གུ་རུ་རིན་པོ་ཆེའི་ཡིན་པ་དང་། འགའ་ཤས་ཀྱིས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཐུགས་སྲས་ཡུལ་མིང་དུ་ཁྱུང་སྤྲུལ་ཀར་རྒྱལ་ལམ། མཚན་གཞན་ཀུན་བཟང་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞུ་བ་ཁོང་གི་ཡིན་སྐད་འདུག བྲག་ཕུག་གི་ནང་དུ་གུ་རུ་རིན་པོ་ཆེའི་སྐུ་རྗེས་དང་ཕུར་པའི་འདྲ་སྐུ་རྙིང་པ་འགའ་ལ་དེང་དུས་བོད་ཀྱི་ལུགས་སྲོལ་ལྟར་གསེར་རྩི་བྱུག་པ་ཅན་འགའ་ཤས་མཇལ་རྒྱུ་འདུག་ཀྱང་གསར་རྙིང་གང་ཡིན་བཤད་ཚོད་མ་ཐེག སྒྲུབ་ཕུག་གི་སྦུབས་སུ་བྲག་ཁུང་ཞིག་ཡོད་པ་དེ་ནི་ཨི་ཁུང་གི་མགོ་འཕགས་པ་ཤིང་ཀུན་རི་གཤམས་སུ་ཡོད་པའི་ཀླུ་སྒྲུབ་ཕུག་ཏུ་ཐུག་ཡོད་སྐད་འདུག འགའ་ཤས་ཀྱིས་བྲག་ཁུང་དེར་རྣ་བ་གཏད་ནས་ཉན་ན་རོལ་མོ་དང་སིལ་སྙན་དུང་དཀར་སོགས་ཀྱི་སྒྲ་སྐད་གོ་རྒྱུ་ཡོད་སྐད་འདུག སྒྲུབ་ཕུག་གི་ནམ་མཁར་གཡོན་ཕྱོགས་སུ་མི་ཞིག་གི་ལག་མགོ་ཐར་ཙམ་ཡོད་པའི་ཨི་ཁུང་དེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་ཕུར་པ་མགུར་ཁུག་མའི་རྫས་གཏེར་ཕུར་པ་གདན་དྲངས་པའི་རྗེས་ཤུལ་རེད་ཅེས་རྣམ་གྲོལ་གླིང་སློབ་དཔོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ལགས་ནས་གསུངས་སོང་། ཁོང་ནས་གསུངས་ན་རྫས་གཏེར་ཕུར་པ་དེ་ཉིད་མཁན་ཆེན་འཇིགས་ཕུན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་ཕུལ་རེད་ཅེས་གསུངས་སོང་། སྤྱི་ལོ་༡༩༧༠ ནང་སྐོར་ལ་སྐྱབས་རྗེ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་བྲག་ཕུག་འདིའི་ཉེ་འགྲམ་དུ་སྒྲུབ་ཁང་གསར་གཞེངས་གནང་ནས་ད་ལྟ་མཆོག་གླིང་གཏེར་གསར་ལོ་གསུམ་ཕྱོགས་གསུམ་སྒྲུབ་ཁང་འདུག་མཁན་ཡོད་ཅིང་ཟུར་དུ་ཚེས་བཅུ་ཉེར་ལྔ་སོགས་དུས་མཆོད་རྣམས་འཚོགས་ས་ལྷ་ཁང་ཆུང་ཆུང་ཞིག་དང་མགྲོན་པོ་སྣེ་ལེན་བྱེད་ས་ཁང་པ་ཞིག་ཀྱང་འདུག ང་འདུག་ས་བན་ཆེན་དགོན་པའི་མགྲོན་ཁང་ཡིན་སྟབས་དེ་ནས་བྲག་ཕུག་ལ་གོམས་འགྲོས་ཀྱིས་སྐར་མ་ཉི་ཤུ་ལས་མི་འགོར་བས་ཞོགས་པ་སྔ་བོ་ལངས་ནས་ཡོང་ཞིང་སྔ་ཐུན་བཟུང་ནས་བྲག་ཕུག་ནང་དུ་འདུག་གི་ཡོད། ཆུ་ཚོད་བཅུ་ཙམ་གྱི་རྗེས་ནས་གནས་སྐོར་བ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འཚང་ཁ་ཤིག་རེད་འདུག བྲག་ཕུག་ནང་མི་བཞི་དང་ལྔ་ཙམ་མི་ཤོང་བས་ཉེ་སྐོར་བཞུགས་མཁན་མཚམས་པ་དང་གནས་མཇལ་བ་སོགས་བྲག་ཕུག་ནང་དུ་འཚང་ཁ་རེད་འདུག ཉིན་གཅིག་བྲག་ཕུག་ནང་དུ་ཐུན་བཟུང་ནས་འཇམ་ཐིང་ངེར་བསྡད་བཞིན་པའི་སྐབས་སུ་ཟུར་དུ་གྲྭ་པ་ཞིག་བཞུགས་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་བྲག་ཕུག་འདིར་དགོངས་གཏེར་གྱིས་སྤྱན་དྲངས་པའི་ཕུར་པ་མགུལ་ཁུག་མ་ཞལ་འདོན་གནང་མཁན་ཞིག་ཕེབས་སོང་བས་ཐུན་གྲོལ་དུས་ཁམས་འདྲི་བྱས་པས་ཨོ་མཁན་རིན་པོ་ཆེ་ལགས་རེད་འདུག་ག་ཟེར། ངས་ཁྱེད་སུ་ཡིན་ཅེས་དྲིས་དུས་ང་སྔོན་མ་ཚོགས་གཉིས་རིན་པོ་ཆེའི་དགོན་པར་འདུག་མྱོང་སྐབས་དེ་དུས་མཁན་རིན་པོ་ཆེ་ཕེབས་ཚར་འདུག་ཞལ་དངོས་སུ་མ་མཇལ་ཡང་རྗེས་ནས་ངོ་དེབ་དང་དྲྭ་ཚིགས་སོགས་སུ་མང་པོ་མཇལ་མྱོང་ཡོད་པ་མ་ཟད་ངོས་ནས་བྲིས་པའི་རྩོམ་སྐོར་མང་པོ་ཀློག་གི་ཡོད་ཟེར། ད་ལྟ་རྣམ་གྲོལ་གླིང་དགོན་པར་སློབ་གཉེར་གནང་ནས་སློབ་དཔོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཡིན་ཟེར། དེང་སང་རྣམ་གྲོལ་གླིང་དགོན་པའི་མཁན་པོ་ཞིག་གི་དགོན་པར་དཔེ་ཁྲིད་གནང་ནས་ཡང་ལེ་ཤོད་དུ་བཞུགས་ཡོད་གསུངས་སོང་། དེ་ནས་བཟུང་སྟེ་ངེད་གཉིས་ནི་ལས་སྨོན་ཆོས་གྲོགས་ཤིག་ཏུ་གྱུར་ནས་ས་གནས་འདིའི་གནས་དང་དགོན་པ་སོགས་གནས་མཇལ་དང་ངོ་སྤྲོད་གནང་བ་ལ་ཕན་ཐོག་ཆེན་པོ་བྱུང་བ་མ་ཟད་མཚམས་གྲུབ་མཚམས་གུས་པའི་མགྲོན་ཁང་དུ་ཕེབས་ནས་ར་གན་གསེར་རློམ་གྱིས་ཆོས་འབྲེལ་ཞིག་དགོས་ཞེས་གསུངས་པ་ལྟར་ལོ་འགའ་ཡི་ཡར་སྔོན་ནས་ཁོ་བོས་བྲིས་པའི་༼ཐར་རྒྱན་བསྡུས་དོན་རྣམ་གྲོལ་ལམ་བཟང་།༽ཞེས་པ་དེ་ཉིད་ཀྱི་ལུང་ཁྲིད་མདོར་བསྡུས་ཤིག་ཀྱང་ཕུལ།

 

བཞི་པ་སྒྲོལ་མ་རང་བྱོན་ནི། 

 ཨ་སུ་རའི་བྲག་ཕུག་གི་རི་གཤམས་སུ་རྡོ་བཅལ་ཐེམ་སྐས་རིང་པོའི་ཟུར་དུ་ཕྱི་དབྱིབས་སུ་ལྷ་ཁང་དམར་པོ་སུམ་ཐོག་ཅན་གྱི་ཐོག་རྩེགས་འོག་མའི་ནང་དུ་བྲག་རྡོ་གྱེན་གཟར་ཞིག་གི་ངོས་སུ་རྗེ་བཙུན་སྒྲོལ་མའི་སྐུ་འབུར་དོད་ཧ་ཅང་གསལ་པོ་ཞིག་མཇལ་རྒྱུ་ཡོད། ཟུར་དུ་ཚོགས་བདག་གི་རྡོ་སྐུ་ཞིག་ཡོད་པ་དེ་ཡང་རང་བྱོན་གྱི་རྡོ་སྐུ་རེད་ཅེས་གནས་བདག་བལ་མོ་རྒྱག་པ་དེས་ཟེར། སྤྱི་ལོ་༡༩༧༠ ལོའི་ནང་བལ་པོའི་ཨ་མ་ཞིག་ནས་དགེ་ལུགས་པའི་བླ་མ་གྲུབ་ཐོབ་རིན་པོ་ཆེ་ལ་ས་ཆ་འདི་ཕུལ་ནས་རྗེས་སོར་གྲུབ་ཐོབ་རིན་པོ་ཆེའི་དགོན་པ་གསར་གཞེངས་གནང་ནས་ད་ལྟ་གྲུབ་ཐོབ་དགོན་པའི་འཛིན་སྐྱོང་འོག་ཏུ་གནས་མུས་རེད་འདུག། ལྷ་ཁང་འདི་ཡི་ཐོག་ཁར་སྒེར་མཚམས་སུ་བཞུགས་མཁན་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པ་ནས་ཡིན་པའི་རྒན་རྡོ་རྗེ་ལགས་ས་གནས་འདིར་བཞུགས་ནས་མི་ལོ་ཉེར་གཅིག་ཐམས་པ་འགྲོ་འདུག་པས་ཁོང་ནས་གསུངས་ན་སྒྲོལ་མ་རང་བྱོན་འདི་དང་པོ་ཧ་ཅང་ཆུང་ཆུང་ཞིག་ལས་མེད་ཀྱང་ལོ་རེ་བཞིན་ཇེ་ཆེ་དང་ཇེ་གསལ་དུ་འགྲོ་གི་འདུག་ཟེར། ལྷག་པར་དུ་བར་སྐབས་ཤིག་ལ་ཚོགས་བདག་གི་ལྟོ་བར་གས་གྲུམ་ཤོར་ནས་བཤའ་བཅོས་བྱས་པའི་རྗེས་ཤུལ་འདྲ་ཞིག་བྱུང་ཞིང་ཚང་མ་སེམས་ཁྲལ་བྱེད་དགོས་པ་བྱུང་ཡང་། བར་ལམ་ཞིག་ནས་རང་བཞིན་གྱིས་གས་གྲུམ་རྣམས་སོས་ནས་དེང་སང་ཚོགས་བདག་གི་སྐུ་དེ་ཇེ་གསལ་དང་ཇེ་ཆེ་ལ་འགྲོ་གི་འདུག་ཟེར། སྒྲོལ་མ་རང་བྱོན་གྱི་སྐུའི་ཉེ་འཁྲིས་སུ་ཨ་རང་བྱོན་དང་། འགའ་ཤས་ཀྱིས་སྒྲོལ་མ་ཉེར་གཅིག་གི་རང་བྱོན་མཇལ་རྒྱུ་ཡོད་སྐད་འདུག ང་ནི་དང་པོ་ཨ་སུ་རིའི་བྲག་ཕུག་ཏུ་མ་སོང་བའི་གོང་དུ་སྒོལ་མ་ལྷ་ཁང་འདིར་ཞོགས་པ་སྔ་བོ་ཡོང་ནས་སྒྲོལ་ཆོག་ཚར་རེ་དང་། ཚོགས་བདག་ལའང་ཕྲིན་བཅོལ་ཐུང་ཙམ་རེ་བྱེད་ཀྱི་ཡོད། ཁྱད་མཚར་བོ་ཞིག་ལ་ནང་ཆེན་ཆོས་རྒྱལ་ཆེན་པོའི་སྲུང་མའི་སྐུ་ལྷ་ནི་ཚོགས་བདག་ཆེན་པོ་ཡིན་པས་ནང་ཆེན་པའི་ཡུལ་སྐད་དུ་ནང་ཆེན་ཚོགས་བདག་ཞེས་འབོད་སྲོད་ཡོད། ཡུལ་མི་རྣམས་ཁ་རྒྱུན་དུ་དམོད་མོ་བྱེད་པའི་སྐབས་སུ་ཡང་ཁྱོད་ནང་ཆེན་ཚོགས་བདག་གི་ཁ་ལ་རྒྱག་འགྲོ་ཤོག་ཟེར། ད་རེས་ཕ་སྐྱེས་ཀྱི་ནོར་ལྷ་ཚོགས་བདག་ལའང་དམིགས་བསལ་བརྩེ་གདུང་འདྲ་ཞིག་ཀྱང་སླེབས་བྱུང་།

ལྔ་པ་རྡོ་རྗེ་རྣལ་འབྱོར་མ་ནི། 

 ཨ་སུ་རའི་བྲག་ཕུག་གི་གཡོན་ཕྱོགས་བརྒྱུད་ནས་རྡོ་སྐས་རིང་མོ་དེ་ཐུར་འདེད་བྱས་ནས་ཡོང་ན་གཡོན་ཕྱོགས་ཀྱི་འགྲམ་ཞིག་ཏུ་ལྷ་ཁང་མཚོན་ཁྲ་ཅན་ཐོག་རྩེགས་གཉིས་ཅན་ཞིག་གི་ཐོག་ཏུ་ཕྱིན་ན་རྡོ་རྗེ་རྣལ་འབྱོར་མའི་སྐུ་རང་བྱོན་མཇལ་རྒྱུ་འདུག དུས་རབས་བཅུ་གཅིག་པའི་སྐབས་སུ་མར་པ་ལོ་ཙཱ་བླ་མ་ཕམ་ཐིང་པའི་སྐུ་དུས་སུ་གཞེངས་པར་གྲགས། མར་པས་བླ་མ་ཕམ་ཐིང་པའི་དྲུང་ནས་གདན་གཞིའི་འགྲེལ་བ་བདུད་རྩིའི་འོད་ཞུ་ས་ཡང་གནས་འདི་ཡིན་པར་བཤད་ཅིང་རྡོ་རྗེ་རྣལ་འབྱོར་མའི་སྐུ་འདི་ཉིད་དཔལ་ས་སྐྱའི་གསེར་ཆོས་ལས་མཁའ་སྤྱོད་སྐོར་གསུམ་དུ་གྲགས་པའི་ནང་ཚན་ཨིན་ཌ་མཁའ་སྤྱོད་དེ་ཡིན་པར་གྲགས་ཤིང་། འགའ་ཤས་ཀྱིས་ནམ་མཁའ་ནས་རང་བྱུང་གི་ཚུལ་དུ་བབས་པར་བཤད། ལོ་རྒྱུས་འགའ་ཤས་སུ་ནཱ་རོའོ་དངོས་སློབ་གྲུབ་ཐོབ་ཕམ་ཐིང་པས་གཏེར་ནས་གཏོན་ཚུལ་ཡང་བཤད། གང་ལྟར་ད་ལྟའི་ཕྱི་དབྱིབས་ཀྱི་རྣལ་འབྱོར་མ་ཞལ་རས་དམར་སྨུག་ཅན་ཕྱག་གཡས་པའི་གྲི་གུག་སྐུའི་སྟ་ཟུར་ནས་མར་པུས་མོའི་ཐོག་ཏུ་ཕབས་པ་འདི་ཉིད་ཕྱིས་སུ་བལ་པོའི་གནས་བདག་རྣམས་ཀྱིས་གཞེངས་པར་སྣང་ཞིང་རང་བྱུང་ངོ་མ་དེ་ནང་ལོགས་སུ་ཡོད། ཉིན་གཅིག་ངོས་ཀྱི་ཆོས་གྲོགས་སློབ་དཔོན་མི་ཕམ་རྣམ་རྒྱལ་ལགས་ནས་འདི་ལྟར་གསུངས། སང་ཉིན་རྡོ་རྗེ་རྣམ་འབྱོར་མའི་སྐུ་ངོ་མ་དེ་མཇལ་ཁ་རགས་ཐབས་བྱས་ཡོད་པས་དེ་ལུགས་གནང་ནས་དུས་ཐོག་ཡོང་དགོས་པའི་བརྡ་གཏང་བྱུང་བས་ངེད་གཉིས་ཕྱི་ཉིན་ཞོགས་པ་སྔ་བོ་རྣལ་འབྱོར་མ་གནས་མཇལ་དུ་སོང་། གནས་བདག་བལ་པོའི་མི་དེས་ངེད་གཉིས་ལ་ལྐོག་ཏུ་རྡོ་རྗེ་རྣམ་འབྱོར་མའི་སྐུ་ངོ་མ་དེ་མཇལ་ཁ་ཐོབ། བལ་པོའི་གནས་བདག་མི་དེའི་ཁ་ནས་ལེགས་སྦྱར་དང་བལ་སྐད་གང་ཡིན་ཆ་མ་འཚལ་བའི་འདོན་པ་འདོན་བཞིན་དྲིལ་བུ་དཀྲོལ་ཅིང་སྐུ་བརྙན་མདུན་ནས་ཧ་ཅང་གལ་ཆེན་ཡིན་མདོག་གི་རྣལ་འགྱུར་གྱིས་རྣལ་འབྱོར་མའི་སྐུའི་ན་བཟའ་རྣམས་བསལ་ཞིང་མཐར་པུས་ཚུགས་སུ་བཞུགས་སྟངས་ཅན་གྱི་སྐུ་ཆུང་ཆུང་ཞིག་བསྟན་སོང་། ནང་ལོགས་སུ་འགྲོ་མི་བཅུག་སྟབས་ཐག་རིང་ཙམ་ནས་མཇལ་བས་གསལ་པོར་མ་ངེས། ལྷག་ཁང་དེའི་གཡོན་ཕྱོགས་སུ་སྐུ་གསུམ་མཇལ་རྒྱུ་ཡོད་པ་དེ་ནི། སྒྲོལ་མ་དང་། འོད་ཟེར་ཅན་མ་དང་། ཁྲོ་གཉེར་ཅན་མ་གསུམ་ཡིན་ཅེས་ཞྭ་དམར་དྲུག་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་གི་གནས་ཡིག་ཏུ་གསལ། ལྷ་ཁང་གི་གཡོན་གྱི་ཕྱོགས་ཁུག་ཀྱོག་ཞིག་ཏུ་བསྐལ་པའི་མེ་ཞེས་སྔོ་དམར་ལྷབ་ལྷབ་ཏུ་འབར་བཞིན་པ་དེ་ནི་ཨོ་ཌི་ཡ་ནའི་སྒོམ་ཆེན་ཞིག་ཞིག་གིས་སྦྱིན་བསྲེགས་གནང་བའི་རྗེས་ཤུལ་དང་ཐལ་བ་སོགས་ཡིན་ཅེས་ལོ་རྒྱུས་འགའ་རུ་བཤད་འདུག དེ་ནས་ཟུར་ནས་བལ་མོ་དཔྲལ་བར་སིན་རྡུ་ར་བྱུགས་ཤིང་རྒྱན་གྱིས་སྤྲས་པ་ཅན་ཞིག་ནས་ལག་ཏུ་མེ་ཏོག་དང་སིན་རྡུ་རའི་ཚོན་ཀོང་བཟུང་ནས་ངེད་གཉིས་ཀྱི་དཔྲལ་བར་སིན་རྡུ་ར་བྱུགས་ཤིང་མེ་ཏོག་སྤྱོ་བོར་བཀོད་ཅིང་སྨོན་ལམ་འདྲ་གསུང་གི་འདུག ཟུར་ནས་བལ་པོའི་མི་ཞིག་ཡོད་པ་དེས་ཟེར་ན་བལ་མོ་འདི་རྡོ་རྗེ་རྣལ་འབྱོར་མ་རེད་ཟེར་དབྱིན་ཇི་གོག་པོ་དེ་སྐྱོན་ནས་འགྲེལ་བཤད་བྱེད་ཀྱི་འདུག སྤྱིར་བཏང་བལ་ཡུལ་གྱི་ནང་པའི་གནས་དང་ལྷ་ཁང་གི་བདག་པོ་ཡུལ་མི་འདི་རྣམས་ལ་བསམ་རྒྱུ་དང་དྲན་རྒྱུ་ལ་གནས་སྐོར་བའི་ལག་ནས་སྒོར་མོ་ཟ་སེམས་ལས་མེད་ཀྱང་། ཁོང་ཚོའི་ཀུན་སློང་དང་ཀུན་སྤྱོད་གང་ཡིན་མིན་ལ་མ་ལྟོས་པར་ངས་ནི་གསང་སྔགས་མོས་པས་སྒྲུབ་ཅེས་གསུངས་པ་ལྟར་བལ་མོ་འདི་ལ་རྡོ་རྗེ་རྣལ་འབྱོར་མའི་ཡེ་ཤེས་པ་རྣམས་དངོས་སུ་ཕེབས་ནས་ཞུགས་སོང་བསམ་པའི་སྒོ་ནས་བྱིན་རླབས་ཞུས་པ་ཡིན། ལྷ་ཁང་གི་གཡས་ཕྱོགས་སུ་སྐུ་རྟེན་རྣམས་པར་ལེན་མི་ཆོག་ཅེས་པའི་དབྱིན་བོད་རྒྱ་གསུམ་གྱི་སྦྱར་བྱང་འདི་མཐོང་སྐབས་སུ་པར་ལེན་པའི་རེ་བ་གཏན་བྲལ་དུ་གྱུར་འདུག

 ད་རེས་ངོས་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་ངོ་མ་དེ་ཕུར་པ་རྡོ་རྗེ་གཞོན་ནུའི་བསྙེན་མཚམས་སུ་ཨ་སུ་རའི་བྲག་ཕུག་ལ་འདུག་རྒྱུ་དེ་ཡིན་སྟབས་ངོས་ཀྱི་བློ་ཐུབ་ཀྱི་ཆོས་གྲོགས་ནུབ་རིའི་མཁན་པོ་ཨོ་རྒྱན་འོད་ཟེར་སོགས་ཆོས་གྲོགས་འགའ་ཡིས་མཐུན་རྐྱེན་འོག་ཨ་སུ་རའི་བྲག་ཕུག་བསྙེན་མཚམས་སྐབས་སུ་བན་ཆེན་དགོན་པའི་མགྲོན་ཁང་ནང་དུ་བསྡད། ནུབ་རེ་ནེ་སྒོར་བདུན་བརྒྱ་གཅིག་པུ་རེད་འདུག ནང་དུ་ཐབ་ཚང་དང་། ཕྱི་ལོགས་སུ་ཉི་རའི་བར་འཁྱམས། མདུན་ངོས་སུ་ལྡུམ་རའི་མཛེས་ལྗོངས་ཀྱི་དཀྱིལ་ནས་བཟོ་བཀོད་མཛེས་ཆོས་དང་ལྡན་པའི་མཆོད་རྟེན་ཆེན་པོ་ཞིག་མཇལ་རྒྱུ་ཡོད་པ་དེ་ནི་སྐྱབས་རྗེ་ཞིང་གཤེགས་བན་ཆེན་བསྟན་དགའ་རིན་པོ་ཆེའི་སྐུ་གདུང་རེད་ཟེར། མགྲོན་ཁང་རྒྱབ་ལོགས་སུ་གྲྭ་ཆུང་རྣམས་ཀྱི་སློབ་གྲྭ་དང་གཡས་ཕྱོགས་སུ་བཤད་གྲྭ་བཅས་ཀྱིས་མཐའ་སྐོར་འདུག། སྐབས་རེ་གྲྭ་ཆུང་རྣམས་ཀྱིས་རྐང་རྩེད་པོ་ལོ་དང་རྩེད་མོ་དང་འུར་སྒྲ་ཅུང་ཆེ་ཡང་དུས་རྟག་པར་ནི་མིན་པས་བཟོད་ཙམ་བྱེད་ཀྱི་ཡོད།

དྲུག་པ་ཁྱི་གྲོགས་པོ། 

 ང་ནི་གང་དུ་སོང་ཡང་ཁྱི་འཁྱམས་བདག་མེད་དང་སྤྲང་པོ་གཉིས་ཀྱི་གྲོགས་པོ་ལ་འགྱུར་འགྲོ་མཁན་ཞིག་ཡིན་སྟབས་ད་རེས་ཀྱང་མགྲོན་ཁང་ཉེ་འཁྲིས་སུ་ཁྱི་འཁྱམས་བདག་མེད་འགའ་ཤས་ཡོད་པའི་ནང་ནས་མཐོང་ན་ཡིད་དུ་འོང་ཞིང་། བྱམས་ན་དྲིན་ངོ་ཤེས་པའི་ཁྱི་བསེ་བོ་ཞིག་ཡོད་པ་དེ་ངེད་གཉིས་གྲོགས་པོར་གྱུར། ངོས་ནི་ནམ་རྒྱུན་གང་དུ་སོང་ཡང་དུད་འགྲོ་ལ་ཧ་ཅང་དགའ་མཁན་ཞིག་ཡིན་སྟབས་དུད་འགྲོ་རྣམས་ཀྱང་ཕལ་ཆེར་དེ་ཤེས་ཀྱི་ཡོད་པ་འདྲ་ཁྱི་འདིའི་ང་གང་དུ་སོང་ཡང་རྗེས་འདེད་བྱེད་ཀྱི་ཡོད། ངས་ཀྱང་ཁོང་གི་མིང་ལ་ཀརྨ་ཕྲིན་ལས་སུ་བཏགས་ནས་ག་དུས་ཡིན་ཀྱང་ངོས་ཀྱི་སྒོ་ཁར་ཉལ། ཉིན་གཅིག་མགྲོན་ཁང་ལ་ལྟ་རྟོགས་བྱེད་མཁན་གྲྭ་གཞོན་ཞིག་ནས་གུས་ཞབས་དང་ལྷན་རྒན་ལགས་ཁྱི་ར་བའི་ནང་དུ་མ་ཁྲིད་་མ་གཏོགས་རྗེས་མ་མགྲོན་ཁང་ལ་ཁྱི་མང་པོ་་སླེབས་ཡོང་གི་རེད་ཟེར། ངས་ཀྱང་གྲྭ་པ་དེར་རྩེད་མོ་སྦྲག་ལགས་སོ་ལགས། ངས་ཁྲིད་ཡོང་བ་མིན་ཁོང་རང་འཛུལ་ཡོང་གི་འདུག་ཟེར་བས་གྲྭ་པ་དེ་འཛུམ་ཙམ་བྱས་ནས་ལགས་སོ། ལར་ནི་མགྲོན་ཁང་འཁྲིས་སུ་ཁྱི་འདི་རྣམས་དབྱིན་ཇི་མགྲོན་པོ་འདི་རྣམས་ཀྱིས་ཁྲིད་ཡོང་བ་རེད་ཟེར་ཞོར་འགྲོ་སོང་། དེ་ནི་བདེན་པ་ཡིན་རྒྱུ་རེད་བན་ཆེན་མགྲོན་ཁང་འདིའི་ནང་དུ་བོད་རིགས་ང་གཅིག་པུ་མ་གཏོགས་ཚང་མ་ཕྱི་རྒྱལ་བ་ཁོ་ན་རེད་འདུག ཟླ་བ་གཅིག་མཚམས་ལ་བསྡད་རིང་ང་ཤ་བཅད་ཡིན་སྟབས་ཉིན་གུང་ཟ་མ་རུ་ཚོད་མ་དང་རྩམ་པ་ངས་གང་ཟོས་ཀརྨ་ཕྲིན་ལས་ལ་སྤྲད་ཀྱང་ཁོས་སྣ་ཡིས་སྣོམ་ཙམ་ལས་བཟའ་གི་མེད། སྤྱིར་བཏང་བལ་ཡུལ་གྱི་ས་ཆ་གང་ལ་སོང་ཡང་ཁྱི་འཁྱམས་བདག་མེད་མཐོང་རྒྱུ་ཧ་ཅང་མང་ཡང་ཕལ་མོ་ཆེ་ནི་གཟུགས་སྟོབས་ཆེ་ཞིང་ཤ་ཤེད་རྒྱགས་པ་ཤ་སྟགས་ཡིན །སྐབས་རེ་ཕྲིན་ལས་ལ་ངས་ཟ་ཁང་ནང་ནས་ཤ་མོག་མོག་ཉོ་ནས་སྤྲད་ཀྱི་ཡོད། ཉིན་ཐ་མར་ང་མགྲོན་ཁང་ནས་འཛོ་ལ་རྒྱབ་ཁུག་རྣམས་ཁུར་ནས་ཕྱི་ལ་དོན་པའི་སྐབས་སུ་ཀརྨ་ཕྲིན་ལས་རྔ་མ་གཡུགས་བཞིན་མགྲོན་ཁང་གི་རྒྱལ་སྒོའི་བར་དུ་རྗེས་འདེད་བྱས་སོང་། རྒྱལ་སྒོ་རྒྱབ་ཚར་ན་ཡང་ལྕགས་ཀྱི་དྲྭ་མིག་བར་ནས་ང་འགྲོ་བའི་ཕྱོགས་སུ་བལྟ་བཞིན་འདུག ང་སེམས་འཕྲེང་བ་འདྲ་ཞིག་བྱུང་ཡང་ངེད་གཉིས་ཟླ་བ་གཅིག་རིང་འདུས་མཐའ་དེ་རིང་བྲལ་བ་དངོས་པོའི་ཆོས་ཉིད་ཡིན་སྟབས་བྱ་ཐབས་བྲལ།

བདུན་པ་སྤྲང་པོ་གྲོགས་པོ་ནི། 

 ཨ་སུ་ར་ཡི་བྲག་ཕུག་གི་རྒྱབ་ལོགས་སུ་རྡོ་སྐས་ཐོག་ནས་མར་ཅུང་ཟད་ཡོང་ན་གཡོན་ཟུར་ཞིག་ནས་བལ་པོའི་མི་རྒན་ལག་པའི་མཛུབ་མོ་རྣམས་ཡོངས་སུ་ཆད་ཅིང་། གདོང་ནག་ལ་རེད་ཅིང་ཁ་སྤུ་ཅན་སྟོད་གོས་ཀྱི་ཚོད་མདོག་སྔོ་ནག་གང་ཡིན་ཤེས་དཀའ་ཞིང་དུད་དྲེག་གིས་གཡོགས་པའི་ལྷད་མེད་ཀྱི་བཅོས་མའི་འཛུམ་མདངས་དང་བཅས་ངག་ནས་བཛྲ་གུ་རུའི་བསྙེན་དབྱངས་བྱེད་མཁན་ཞིག་ཡོད། ངས་བལ་སྐད་མི་ཤེས་ཁོང་ནས་བོད་སྐད་མི་ཤེས་ཀྱང་ངེད་གཉིས་ནི་ཁ་བརྡ་དང་ལག་བརྡ་བྱས་ནས་ཕན་ཚུན་གྲོགས་པོར་གྱུར། ཉིན་ཞིག་རྟ་མང་གི་མི་ཞིག་གི་སྐད་བསྒྱུར་བརྒྱུད་ནས་གྲོགས་སྤྲང་པོ་མི་རྒན་རྒྱུས་ལོན་བྱས་དུས་ཁོང་ནི་ས་གནས་འདིར་སློང་མོ་བྱས་ནས་བསྡད་ནས་མི་ལོ་ཉེར་བརྒྱད་ཏག་ཏག་རེད་འདུག ད་ལོ་ཁོང་ལོ་དྲུག་བཅུ་རེ་བདུན་ཡིན་སྐད་འདུག ཁོང་ལ་བཟའ་ཟླ་དང་བུ་གཉིས་ཡོད་པ་དང་། ཁོང་གི་ཚེ་སྟོད་དུ་ཁང་པ་ལ་མེ་སྐྱོན་བྱུང་ནས་ཁང་གཞིས་ཚང་མ་མེ་ལ་ཞོར་བ་མ་ཟད། ཁོང་གི་གཟུགས་པོ་མེ་ཡིས་ཚིག་པ་དང་ད་ལྟ་མཛུབ་མོ་མེད་པ་དེ་ཡང་སྐབས་དེ་དུས་མེ་ཡིས་ཚིག་སོང་བ་དང་དེ་ནས་བཟུང་སྟེ་གཞན་ཐབས་ལམ་གང་ཡང་མེད་ནས་སློང་མོའི་ཁ་གསོ་བའི་ཐབས་ལམ་འདི་གདམས་པ་ཡིན་ཅེས་ཟེར། དེ་ནས་ཁོང་གི་ཚེ་རོགས་སམ་བཟའ་ཟླ་དེ་ཉིད་ཀྱང་ཀན་སེར་གྱི་ནད་ཀྱིས་ལོ་དྲུག་གི་གོང་ནས་ཚེ་ལས་འདས། ཨ་མ་མེད་པའི་དྭ་ཕྲུག་བུ་གཉིས་པོའི་ཕ་ལ་འཚོ་བའི་རོགས་རམ་བྱེད་རྒྱུའི་ཚབས་ལ་ཉིན་མོ་ཕ་རྒན་ནས་སློང་མོ་བྱས་པའི་དངུལ་རྣམས་ཆང་འཐུང་བྱེད་དང་རྒྱན་རྩེད་བྱེད་མཁན་ཞིག་ཏུ་གྱུར་ནས་བུ་གཉིས་པོ་ད་ལྟ་ཐ་མ་ནག་པོ་དང་ར་གཟི་བྱེད་མཁན་ཞིག་ཏུ་གྱུར། ད་ལྟ་ཡང་ཕ་རྒན་ནས་ཉིན་བཞིན་སློང་བའི་སྒོར་མོ་རྣམས་བུ་གཉིས་ཀྱིས་རེས་མོས་ཀྱིས་བཙན་འཕྲོག་བྱེད་ཚུལ་གཏམ་བཤད་བྱེད་སྐབས་གྲོགས་པོ་སྤྲང་རྒན་གྱི་མིག་ནས་མཆི་མ་ཐར་ཐར་གཏོང་གི་འདུག ངས་ཉིན་རེ་ནེ་སྒོར་བརྒྱ་རེ་སྤྲད། མཚམས་རེ་ངས་ཉིན་གུས་ཟ་མ་སྤྲད་ཀྱང་ངས་སྤྲད་པའི་ཟ་མ་ལ་དེ་ཙམ་དགའ་བོ་བྱེད་ཀྱི་མི་འདུག ཉིན་ཐ་མར་གྲོགས་པོ་སྤྲང་རྒན་ལ་ཐུག་ལ་སོང་བས་དེའི་ཉིན་མོ་སྐད་བསྒྱུར་མེད་སྟབས་ང་དེ་རིང་འགྲོ་གི་ཡིན་ཅེས་ཁ་བརྡ་དང་ལག་བརྡ་བྱས་དུས་ཁོང་ནས་ཧ་གོ་བྱུང་། གདོང་ལ་སྐྱོ་ཉམས་དང་བཅས་ཁྱོད་རང་ཚུར་ག་དུས་ཡོང་གི་ཡིན་ཅེས་མཛུབ་མོ་མེད་པའི་ལག་མགོའི་དེའི་བརྡ་བྱེད་ཀྱི་འདུག ངས་ཚུར་ག་དུས་ཡོང་མི་ཤེས་ཅེས་བརྡ་དང་སྦྲག་ཁོང་ལ་ནེ་སྒོར་གཅིག་སྟོང་སྤྲད་པས་སྒོར་ལ་བལྟ་ཞིང་ངོས་ཀྱི་གདོང་པར་བལྟ་བཞིན་མིག་ནས་མཆི་མ་ནར་ནར་གཏོང་གི་འདུག དེ་ནས་ཡར་ལྟ་མར་ལྟ་བྱེད་བཞིན་ལམ་སང་ནེ་སྒོར་གཅིག་སྟོང་དེ་ལོ་གྲངས་མང་པོར་འཁྲུ་མྱོངགཏན་ནས་་མེད་པའི་སྟོད་གོས་དྲེགས་པ་ཅན་དེའི་ནང་ལོགས་སུ་ཁུག་མའི་ནང་དུ་གཟབ་གཟབ་བྱས་ནས་བཅུག་སོང་། ངས་ཁོས་གློ་བུར་དུ་ཡར་ལྟ་མར་ལྟ་བྱེད་ནས་དངུལ་མགྱོགས་པོ་ཉར་ཚགས་བྱེད་སྟངས་དེ་ལ་བལྟས་ན་ས་གནས་འདིར་སྤྲང་རྒན་ལག་ནས་དངུལ་འཕྲོག་མཁན་མེད་དམ་སྙམ་པའི་དོགས་པ་བྱུང་སོང་། དེ་ནས་གྲོགས་པོ་སྤྲང་རྒན་ལ་གྱེས་བྲལ་བྱས། ངེད་གཉིས་དྲན་རྟེན་ཆེད་དུ་པར་ཞིག་ཀྱང་མཉམ་དུ་བླངས། དེ་ནས་གྲོགས་པོའི་གདོང་ནག་ལ་རེད་པ། མིག་སྔོ་ལ་ཟུམ་པ་དེ་ཉིད་ངོས་ཀྱི་གདོང་པར་བསྟན་ནས་མཛུབ་མོ་མེད་པའི་ལག་དུམ་དེ་བྲང་ཁའི་ཐོག་ཏུ་མཉམ་དུ་སྦྱར་ནས་མིག་ནས་མཆི་མ་འདོན་བཞིན་གྲེ་བའི་སྦུག་ནས་བལ་སྐད་ཐོག་ཅིག་ཅིག་མུག་མུག་ཟེར་བཞིན་འདུག་ཀྱང་ཚོད་དཔག་བྱས་ན་ང་ལ་སྨོན་ལམ་འདྲ་བྱེད་བཞིན་ཡོད་ཚོད་འདུག ང་ཡང་སེམས་སྐྱོ་བ་འདྲ་ཞིག་བྱུང་གྲོགས་པོ་སྤྲང་རྒན་ལ་ཚེ་འདིར་ནད་མེད་ཚེ་རིང་ཡོང་བ་དང་། སྐྱེ་བ་རྗེས་མར་ལུས་རྟེན་བཟང་པོ་ཐོབ་པའི་སྨོན་ལམ་བཅས་བྱས་ནས་རྡོ་སྐས་ནས་མར་འབབ་བཞིན་གྱེས་བྲལ་གྱི་ལག་གཡུགས་བྱས་པ་ཡིན། ངས་ཐག་རིང་པོར་སླེབས་ཚར་དུས་གྲོགས་པོ་སྤྲང་རྒན་ལ་ཡར་གཅིག་བལྟ་དུས་ད་དུང་ཁོག་སྟོད་ནག་ཐོ་སེ་ང་འགྲོ་སའི་ཕྱོགས་ལ་བལྟ་བཞིན་འདུག
 བན་ཆེན་མགྲོན་ཁང་རྒྱབ་ལོགས་སུ།། བན་ཆུང་རྣམས་ཀྱིས་ཀུ་ཅོ་ཡིས།།

 བན་རྒན་རྣ་བར་གཟན་ན་ཡང་།། བན་དྷ་བཞིན་དུ་བཟོད་སྲན་བྱས།།

བརྒྱད་པ་མཚམས་གྲོལ་ནས་བྱ་རུང་ཁ་ཤོར་ལ་འབྱོར་བ། 

 མཚམས་ཞག་ཉིན་ཉེར་གསུམ་ཉིན་མོ་སྟེ་སྤྱི་ཟླ་བཅུ་གཅིག་པའི་སྤྱི་ཚེས་ཉེར་དྲུག་ལ་ཉིན་མོ་སྦྱིན་བསྲེག་དང་ཚོགས་མཆོད་བཅས་ཀྱིས་ལེགས་གྲུབ་བྱུང་ནས་མཐོང་གྲོལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོའི་ཉེ་འགྲམ་རྣམ་སྲས་མགྲོན་ཁང་ནང་དུ་འབྱོར། རྣམ་སྲས་མགྲོན་ཁང་ནི་མཆོད་རྟེན་རིན་པོ་ཆེའི་རྒྱབ་ལོགས་ཁྲ་འགུ་དགོན་པའི་ཉེ་འཁྲིས་སུ་འདུག མགྲོན་ཁང་འདི་་གྲུབ་ནས་ཟླ་བ་གཅིག་ལས་རེད་མི་འདུག་ཧ་ཅང་གསར་པ་ཡིན་སྟབས་ཕྱི་ནང་གཉིས་ཀར་གཙང་ལ་ཡིད་དུ་འོང་བ་ཞིག་འདུག ངོས་ཀྱི་ཉལ་ཁང་ཐོག་རྩེགས་ལྔ་པའི་ཐོག་ཡིན་སྟབས་ཉིན་མཚན་མེད་པར་མགྲོན་ཁང་གི་སྒེའུ་ཁུང་ནང་ནས་མཆོད་རྟེན་ཆེན་མོ་ཁྲ་ལམ་མེར་མཇལ་ཐུབ། མགྲོན་ཁང་འདིར་ཉིན་གྲངས་བརྒྱད་རིང་ལྷོད་དལ་བྱས་ནས་བསྡད་ཉིན་རེ་བཞིན་མཆོད་རྟེན་ཆེན་མོ་སྟག་མོ་ལུས་སྦྱིན་དང་། འཕགས་པ་ཤིང་དཀོན་སོགས་ཐག་ཉེའི་གནས་རྣམས་ལ་འབྲེལ་འཇོག་རེ་བྱས་ཤིང་། ཡུན་རིང་མ་མཇལ་བའི་ཕ་ཡུལ་དང་རྩ་བའི་བླ་མ་གཅིག་པ་བླ་རྒན་ཨོ་རྒྱན་ཚེ་མཆོག་དང་། ཁོང་གི་གྲོགས་པོ་བླ་རྒན་གཞན་དག་ཞིག་དང་ཡུན་རིང་ནས་འདྲིས་པའི་བློ་ཐུབ་ཀྱི་གྲོགས་པོ་ལྷ་མ་རིག་འཛིན་དང་། སྡེ་དགེ་བླ་མ་ཕྲིན་ལས། གཏེར་སྒར་མཁན་པོ་ནུབ་རི་བ་ཨོ་རྒྱན་འོད་ཟེར། ཕ་ཡུལ་གཅིག་པ་དང་དགོན་པ་གཅིག་པ་ད་ལྟ་བསམ་གཏན་གླིང་གི་དཔེ་ཁྲིད་མཁན་པོ་ཀར་སྙན། ཕ་ཡུལ་དང་དགོན་པ་གཅིག་པའི་བླ་མ་སྐལ་བཟང་། གོ་འཇོ་དགེ་བཤེས་རྡོར་རྗེ། རྣམ་གྲོལ་གླིང་གི་སློབ་དཔོན་མི་ཕམ་སོགས་ཆོས་གྲོགས་རྣམས་དང་ལྷན་དུ་ཇ་དང་ཞལ་ལག་མཉམ་མཆོད་སོགས་བྱས། ལྷག་པར་དུ་བལ་པོའི་ཤཱཀྱའི་རིགས་སུ་གྱུར་པའི་ལྷ་མགར་བའི་རིགས་བརྒྱུད་སློབ་མ་མི་ཚང་འགའ་ཤས་ཡོད་པས་མགྲོན་འབོད་ལྟར་དུ་ནང་དུ་སོང་ནས་ཞལ་ལག་གྲ་རྒྱས་པོའི་སྣེ་ལེན་བྱས་ཤིང་ཕན་ཚུན་ལོ་མང་མ་ཐུག་པའི་རིང་སྐྱིད་སྡུག་གི་གཏམ་གླེང་ཞིབ་རྒྱས་བྱུང་། བལ་ཡུལ་གྱིགནའ་སྔ་མོའི་རྒྱལ་ས་Bhaktapur ཞེས་པ་དེར་དམ་གཙང་གི་ཆོས་གྲོགས་བླ་མ་རིག་འཛིན་སར་སོང་། ངེད་གཉིས་ཕན་ཚུན་དངོས་སུ་མ་མཇལ་ནས་ལོ་བཅུ་ཙམ་རེད་འདུག ཁོང་ཉེ་བའི་ཆར་ཞིང་དུ་ཕེབས་པའི་སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོའི་ཆེའི་སྒྲུབ་ཁང་ཟུར་དུ་གནས་སྐབས་མཚམས་ཡངས་ཀྱི་ཚུལ་དུ་བཞུགས་འདུག ཞོར་དུ་དེང་སང་གཞོན་སྐྱེས་བླ་མའི་ཁྲོད་ནས་ངོས་ཀྱི་ཆེས་དགའ་ཤོས་ཁྲ་འགུ་དགོན་པའི་སྒྲུབ་དཔོན་མཁན་པོ་ཀརྨ་ལྷ་བུ་དང་། རྒྱལ་བསྟན་ལ་ལྷག་བསམ་གཅིག་ཏུ་དཀར་བའི་དམ་གཙང་གི་ཆོས་གྲོགས་ཤེས་རབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་རྣམ་དག་ཀྱང་མཇལ་བ་མ་ཟད་ཉིན་གུང་གསོལ་ཚིགས་ཀྱང་མཁན་རིན་པོ་ཆེ་རྣམ་གཉིས་ལྷན་དུ་བྱུང་བས་ཧ་ཅང་སྐྱིད་པོ་བྱུང་། སྤྱིར་འདས་པའི་ལོ་ཉི་ཤུའི་སྐབས་སུ་རང་ཉིད་བལ་ཡུལ་ས་གནས་འདིར་ལོ་དྲུག་ཙམ་རིང་བསྡད་ཅིང་སྐབས་དེ་དུས་མཆོད་རྟེན་རིན་པོ་ཆེའི་འགྲམ་དང་། ད་ལྟ་ངོས་ཀྱི་མགྲོན་ཁང་གི་མདུན་དུ་འཇམ་དབྱངས་ཆོས་འཁོར་གླིང་ཞེས་ཆོས་ཚོགས་གསར་འཛུག་བྱས་ནས་བསྡད་པའི་སྐབས་ཀྱི་ཚོར་བ་རྣམས་དྲན་ལམ་དུ་ལྷང་ངེར་འཆར་ཞིང་དེ་དུས་ཀྱི་བལ་ཡུལ་གྱི་གནས་སྟངས་དང་ད་ལྟ་གཉིས་བསྡུར་ན་ཧ་ཅང་འགྱུར་བ་ཆེན་པོ་ཕྱིན་འདུག སྐབས་དེ་དུས་བོད་རང་ནས་འབྱོར་བའི་མི་ཧ་ཅང་མང་ཞིང་། ལྷག་པར་དུ་དགོན་པ་གྲྭ་ཚང་རྣམས་སུ་བོད་ནས་ཕེབས་པའི་གྲྭ་བཙུན་དང་སློབ་གྲྭ་སོགས་ཧ་ཅང་མང་། དེང་སང་བལ་ཡུལ་མཆོད་རྟེན་ཆེན་མོའི་སྐོར་ལམ་ནང་ནས་བོད་རང་ནས་ཕེབས་པའི་བོད་པ་མཇལ་རྒྱུ་དཀོན་ཞིང་། ཕྱི་ལོགས་སུ་བོད་ཀྱི་ཆས་གོས་གྱོན་མཁན་མི་ཉུང་བ་ཞིག་ཡོད་ཀྱང་དེ་རྣམས་ནི་ཧི་མ་ལ་ཡའི་ས་མཚམས་ཀྱི་མི་རིགས་རྣམས་ཡིན་སྐད་འདུག གང་ལྟར་ཀྱང་བལ་ཡུལ་ཕྱོགས་ལ་གཏམ་བཟང་ཞིག་ཡོད་པ་དེ་ནི་འདས་པའི་མི་ལོ་དྲུག་བཅུའི་ནང་ཚུན་བཙན་བྱོལ་བོད་རིགས་སྐྱབས་བཅོལ་བའི་དགོན་སྡེ་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་དེང་སང་བལ་ཡུལ་ས་མཚམས་ཁག་མ་ཟད་ཧིན་རྡུའི་མི་རིགས་གཞོན་སྐྱེས་མང་པོ་ཞིག་ཉིན་རེ་བཞིན་ནང་ཆོས་ལ་དོ་སྣང་གནང་ནས་ནང་པར་འགྱུར་འགྲོ་གི་ཡོད་པའི་གཏམ་བཟང་རེད། དེ་ནི་དགའ་འོས་པ་ལུས་ཡིན་ཏེ། ཆོས་ལུགས་གཞན་གྱིས་ཉིན་རེ་བཞིན་དབང་ཤུགས་དང་། དཔལ་འབྱོར། བསླུ་བྲིད། མགོ་སྐོར་སོགས་སེམས་གཏིང་ནས་སྐྱོ་དགོས་པ་དྲང་བདེན་མ་ཡིན་པའི་ཐབས་ལམ་བཙལ་ནས་མི་འདོད་བཞིན་དུ་བཙན་བསྒྱུར་བྱེད་པ་དང་གཏན་ནས་མི་འདྲ་བ། ཁ་དཔེར། མཛོ་ཕོ་གདངས་ལ་བཏགས་ན། རིན་ཐང་མི་ཡིས་རྒྱགས། ཞེས་པ་ལྟར་རེད།
 
དགུ་པ་གྲོགས་པོའི་རྒྱུད་ནས་སྣེ་ལེན་ཁང་དུ་སོང་བ། 
ཉིན་གཅིག་ངོས་ཀྱི་གྲོགས་པོ་དངོས་གྲུབ་རྡོ་རྗེའི་སྤུན་མཆེད་སྐལ་བཟང་དང་། བློ་བཟང་གཉིས་ཀྱི་ནང་དུ་ཉིན་གུང་ཟ་མར་མགྲོན་འབོད་ལྟར་དུ་སོང་། ཁོང་གཉིས་ཀྱི་བཞུགས་ས་སྣེ་ལེན་ཁང་གི་འགྲམ་དུ་ཁོང་གཉིས་དང་རོགས་པ་བུ་གཅིག་བཅས་ཕོ་གསར་གསུམ་མཉམ་དུ་སྐྱིད་མདོག་ཁ་པོར་བསྡད་འདུག ཁོང་གསུམ་ནས་མོག་མོག་ཞིམ་པོ་ཞིག་བཟོས་འདུག་སྟབས་ཟླ་བ་གཅིག་རིང་ཤ་མ་ཟོས་པས་ད་རེས་ར་མ་ཚྭ་ཆུ་དང་འཕྲད་པ་ལྟར་ཁ་བརྡ་བྱེད་ཞོར་མོག་མོག་འགྲང་ཚད་ཟོས། ཟ་མ་ཟོས་ཚར་མ་ཐག་ད་རེས་ང་སྣེ་ལེན་ཁང་ལ་མི་འགྲོ་ཐབས་མེད་ཡིན་ཅེས་ཨུ་ཚུགས་བྱས་ནས་སོང་བས་སྟབས་ངན་པ་ཞིག་ལ་སྣེ་ལེན་ཁང་གི་སྒོ་ཟུར་དུ་བལ་མོ་ཞིག་ནས་སྒོ་བཀག་ནས་ནང་དུ་གཏོང་གི་མིན་འདུག ངས་ང་༡༩༩༨་ལོར་བོད་ནས་ཡོང་བ་ཡིན་སྣེ་ལེན་ཁང་འདི་ང་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་ད་རེས་ཞོར་དུ་ལྟ་སྐོར་ལ་ཡོང་བ་ཡིན་ལན་གཅིག་ངེས་པར་དུ་ནང་དུ་གཏོང་རོགས་ཞེས་ཇི་ཙམ་ཨུ་ཚུགས་བྱས་ཀྱང་གཏོང་གི་མི་འདུག སྒོ་འགྲམ་དུ་བོད་ཡིག་དང་། དབྱིན་ཡིག་ཤན་སྦྱར་ཡོད་པ་འདི་ལྟར་བྲིས་འདུག ༼སྣེ་ལེན་ཁང་འདི་འཛམ་གླིང་རྒྱལ་སྤྱིའི་འོག་ཏུ་ཡོད་སྟབས་ལས་བྱེད་རྣམས་མ་གཏོགས་དོན་མེད་སུ་གང་ཡང་ཆོག་མཆན་མེད་པར་ནང་དུ་ཕེབས་མི་ཆོག་ཅིང་པར་ཡང་ལེན་མི་ཆོག།༽ ཞེས་བྲིས་འདུག སྤྱི་ལོ་༡༩༩༨་ལོར་མི་གྲངས་བཞི་བཅུ་ཞེ་བརྒྱད་དང་ལྷན་དུ། ས་ནག་པོ་དེ་འདོམ་ལ་འཇལ། སྤྲིན་དཀར་པོ་དེ་ཐོད་ལ་བླངས། རྒྱབ་ཀྱི་ཁུར་པོ་ལས་སྔུན་གྱི་མདུད་པ་ཆེ་བ་ཞིག་བྱས་ནས་ཡོང་བའི་སྐབས་སུ་བལ་ཡུལ་ས་མཚམས་ནས་བཀག་ཉར་ཁང་དུ་བཞག་ནས་ཅི་བྱེད་འདི་བྱེད་མེད་པའི་སྐབས་སུ་བཙན་བྱོལ་བོད་གཞུང་ཐུགས་རྗེའི་སྐུ་དྲིན་གྱིས་ང་ཚོ་ཚང་མ་དགྲ་འོག་ནས་སྐྱབས་ཤིང་། མུག་འོག་ནས་གསོ་མཁན་ནི་བལ་ཡུལ་སྣེ་ལེན་ཁང་འདི་གཅིག་པུ་ཡིན། སྐབས་དེ་དུས་སྣེ་ལེན་ཁང་འདིའི་ནང་དུ་ཟླ་བ་གཅིག་ལྷག་རིང་རང་རེ་གསར་འབྱོར་བ་རྣམས་ལ་འཐེན་ཐུག་དང་རྩམ་པ་སོགས་ལ་ཧབ་ཐོབ་བྱེད་ནས་བསྡད་པའི་རིང་ལ་སྣེ་ལེན་ཁང་གི་ལས་བྱེད་ཟླ་བ་རྡོ་རྗེ་ནས་གསར་འབྱོར་མི་རྒོད་རྣམས་ལ་བཀའ་སྐྱོན་དབྱུགས་རྡུང་རག་པ་སོགས་ཀྱང་མིག་ལམ་དུ་དྲན་སོང་། ལྷག་པར་དུ་སྐབས་དེ་དུས་ངས་སྣེ་ལེན་ཁང་ལ་བསྟོད་པ་རྩོམ་ཞིག་བྲིས་པ་དེ་ཉིད་གཉེན་ཆེན་ཐང་ལྷའི་གསར་ཤོག་ཐོག་ཏུ་སླེབས་ནས་ང་མི་འཁྱམས་ཤིག་བློ་བུར་དུ་རྒྱ་བལ་འབྲུག་གསུམ་ལ་ཁྱབ་པ་དེ་རྣམས་སེམས་ལ་དྲན་བཞིན་སྒོ་འགྲམ་དུ་འགྲེང་ནས་སེམས་སྐྱོ་ལྷང་ལྷང་ཕྱི་ལོགས་ནས་རྒྱང་ལྟ་ཙམ་བྱེད་པ་ལས་ཐབས་ཤེས་གཞན་གང་ཡང་མི་འདུག
དེ་ནས་གྲོགས་པོ་སྐལ་བཟང་ལགས་ཀྱི་རྦག་རྦག་ཕྱི་འཕོངས་སུ་འབྱར་ནས་སྐད་ཅིག་ཉིད་ལ་བྱ་འཕུར་བ་ནང་བཞིན་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རྣམ་སྲས་མགྲོན་ཁང་ནང་དུ་འབྱོར། ང་ནི་རྦག་རྦག་ཕྱི་འཕོངས་སུ་ཡུན་རིང་འདུག་མྱོང་མེད་སྟབས་ཁོང་གི་རྦག་རྦག་དེ་ཆུང་དྲགས། ངོས་ཀྱི་གཟུགས་པོ་གོག་ཅིང་རྐང་ལག་དེ་རྣམས་རིང་དྲགས་པས་མགྲོན་ཁང་ནང་དུ་མ་འབྱོར་བར་དུ་སེམས་པ་བདེ་བོ་ཞིག་གཏན་ནས་མ་བྱུང་།
 དུས་ཀྱི་འགྱུར་འགྲོས་དང་། མི་ཡི་འགྱུར་ལྡོག་ནི་ཇི་འདྲའི་ཡ་མཚན་པ་ཞིག་རེད་ཨང་། འདས་པའི་མི་ལོ་ཉི་ཤུའི་གོང་རྒྱ་བལ་སོགས་ནས་འཕྲད་པའི་དམ་གཙང་གི་བླ་མ་དང་མཁན་པོ་སོགས་ཆོས་གྲོགས་མང་པོ་ཞིག་དེང་སང་བལ་ཡུལ་ཕྱོགས་ནས་སྐད་གྲགས་ཅན་གྱི་ཚོང་པར་གྱུར་འདུག ད་རེས་བལ་ཡུལ་ལ་བྱེས་སྒྲོད་སྐབས་སུ་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར་ལོ་གྲངས་འགའ་རུ་བྲིས་ནས་བསགས་པའི་དབྱིན་ཡིག་ནང་དུ་ཡོད་པའི་ནང་ཆོས་ཀྱི་དེབ་ཆེ་ཆུང་གཉིས་བལ་ཡུལ་ནས་པར་སྐྲུན་བྱེད་ཐུབ་སོང་། དེབ་ཆེ་བ་སུམ་བརྒྱ་དང་། དེབ་ཆུང་བ་ལྔ་བརྒྱ་བཅས་སྡོམ་པས་དེབ་བརྒྱད་བརྒྱ་ཐམ་པ་ལ་ཨ་སྒོར་དགུ་བརྒྱ་མ་ཟིན་ཙམ་འགྲོ་སོང་།
 ལྷག་པར་དུ་ད་རེས་ཀྱི་འགྲུལ་བཞུད་འདིའི་སྐབས་སུ་བལ་ཡུལ་ནས་མགྲོན་ཁང་གླ་ཆ་འགྲོ་སོང་ཚང་མ་ས་གནས་མོན་ཊེའུ་རེའུ་ལ་བཞུགས་པའི་དམ་གཙང་བློ་ཐུབ་ཀྱི་ཆོས་གྲོགས་དངོས་གྲུབ་རྡོ་རྗེ་ལ་མི་དགོས་ཞེས་ཨུ་ཚུགས་ཇི་ཙམ་རྒྱབ་ཀྱང་མ་ཉན་པར་འགྲོ་སོང་ནར་གཏོང་གནང་སོང་བས་ངས་ཁྱེད་ཀྱི་སྦྱིན་གཏོང་ལ་སྙིང་དབུས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ། སྤྱི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཡི་ཉིན་མཁན་པོ་ཨོ་རྒྱན་འོད་ཟེར་དང་། གྲོགས་པོ་སྐལ་བཟང་དང་བློ་བཟང་བུ་སྤུན་གཉིས་བཅས་ནས་གནམ་ཐང་ལ་བསྐྱེལ་མ་གནང་ནས་གནམ་སྲས་མགྲོན་ཁང་རྡོག་ཐོན་གྱིས་གནམ་ཐང་ལ་སོང་།
རྣམ་དག་མཆོད་རྟེན་ཉེ་འགྲམ།། རྣམ་སྲས་མགྲོན་ཁང་ནང་དུ།།
 རྣམ་ཀུན་བློས་ཐུབ་ཆོས་གྲོགས།། རྣམ་པ་ལྷན་རྒྱས་ཕེབས་སོང་།།

བཅུ་པ་རང་གནས་སུ་ཕྱི་ལོགས་བྱས་པ། 

འདས་པའི་ལོ་ཉི་ཤུའི་གོང་ནས་བལ་པོའི་ལག་ཁྱེར་རྫུན་མ་ཁུར་ནས་གནམ་ཐང་འདིར་ཡོང་སྐབས་སུ་ལག་ཁྱེར་ལ་ཐིལ་ཚེ་རྒྱག་སར་སླེབས་དུས་ཞེད་དངངས་ཀྱིས། སྐད་ཆ་འདྲི་དུས་ཁ་འདར། གོམ་པ་སྤོ་དུས་དུས་སྒྱིད་པ་འདར། ཡི་གེ་འབྲི་དུས་ལག་པ་འདར་བ་སོགས་མདོར་ན་གནམ་ཐང་འདི་ནི་ང་ལ་ལྟོས་ན་འདར་བ་གསུམ་གྱིས་ས་ཚིགས་ངོ་མ་དེ་ཡིན་ཟེར་ཀྱང་མི་ཆོག་རྒྱུ་གང་ཡང་མེད། དེ་རིང་ནི་འཛམ་གླིང་ནས་ཆེས་སྟོབས་ཅན་རྒྱལ་ཁབ་ཨ་རིའི་ལག་ཁྱེར་ཡོད་དུས་ག་དུས་ཡིན་ནའང་དཔལ་སྤྲུལ་རིན་པོ་ཆེའི་གསུངས་པ་ལྟར་འགྲོ་དུས་ཧོར་པ་འགྲོ་འགྲོ། འདུག་དུས་ཁྲམ་མ་འདུག་འདུག་གསུངས་པ་ལྟར་མགོ་འཕངས་མཐོ་ལིང་ངེར་འགྲོ་གི་ཡོད། རྒྱ་བལ་སོགས་ལ་ནམ་ཡོང་སྐབས་སུ་ཕར་ལོག་འགྲོ་དུས་འཛོ་ལ་ལྷག་མ་ཞིག་ཡོད་པ་དེ་ནི་འཆར་ཅན་ལྟར་ཡིན། ད་རེས་ཀྱང་དེབ་དང་ཐང་ཀ་སོགས་མང་པོ་ཞིག་ཁྱེར་རྒྱུ་ཡོད་པས་ཅ་ལག་དོ་བོ་གཉིས་བྱས་ནས་ཅ་ལག་གཏོང་སར་སོང་བས་མི་ཞིག་ནས་ངོས་ཀྱི་ཅ་དངོས་ལ་ཅིག་ཅིག་མུག་མུག་མང་དག་ཞིག་བཤད་ནས་ཨ་སྒོར་བརྒྱ་དང་བཅོ་ལྔ་ཐམས་པ་བླངས་སོང་། དང་པོ་ངེད་གཉིས་བཤད་རེས་འགའ་བྱས་ཀྱང་མཐར་བདེན་ཁ་ཁོ་རང་ལ་མ་སྟེར་རང་སྟེར་ཆགས་སོང་། ཁ་དཔེར། ཆུ་ཆེན་པོའི་ཁ་ནས་གྲུ་པ་བཙན་ཞེས་པའི་དཔེ་ལྟར་རེད། ནང་ལོགས་སུ་ལག་ཁྱེར་ལ་ཐིལ་ཚེ་རྒྱག་མཁན་ཕོ་གསར་ལྟས་བཟོ་དོད་པོ་མིག་ཤེལ་དཀར་པོ་ཅན་དེའི་ལག་ཁྱེར་ལ་ཐིལ་ཚེ་རྒྱག་ཞོར་ངོས་ཀྱི་གདོང་པར་བལྟ་བཞིན། དབྱིན་སྐད་ཐོག་ནས་དེང་སང་རྒྱལ་བ་རིན་པོ་ཆེ་གང་དུ་བཞུགས་ཡོད་ཟེར། ངས་ཁོང་རྡ་རམ་ཤཱ་ལ་བཞུགས་ཡོད་རེད་ཅེས་ཞུས་དུས། ཁོང་ནས་ངས་ཁོང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རོགས་ཟེར། ངས་ཡིན་ད་ཡིན། ཁྱོད་རང་མི་བཟང་པོ་རེད་འདུག་བཤད་དུས། ཁོང་ནས་ངོས་ཀྱི་ལག་ཁྱེར་ཐོག་ཏུ་ཐིལ་ཚེ་རྒྱག་བཞིན། ཡིན་ད་ཡིན་ཁོང་འཛམ་གླིང་ཞི་བདེའི་དེད་དཔོན་ཡག་ཤོས་དེ་རེད་ཅེས་ཟེར། ངས་ནི་ཚིག་འདི་གོ་བ་དང་ལྷན་སེམས་ལ་དགའ་སྐྱོ་འདྲེས་མ་དང་། བལ་པོའི་གཞོན་སྐྱེས་ཁོང་དང་ཁོང་ལྟ་བུའི་རྒྱལ་བ་ཡིད་བཞིན་ནོར་བུ་དང་ཁོང་གི་འབངས་མི་བཅངས་པའི་བརྩེ་སེམས་དེ་མཚོན་ཐུབ་སྙམ།
The border guard said to me, “Namaste, Tashi Delek Lama. Where is Dalai Lama now?” I told him, “He is in Dharamsala ” He then said, “Please send my warmest greetings to him.” I told him, “Of course. You are such a sweet and nice person.” He responded, “Of course, he is the best leader, and he is the best Nobel Prize winner in the world. We need him and we love him.” He then stamped my passport and I said, “Thank you so much.” This made me very very happy; I wish all Nepali young people were like this.
 དེ་ནས་བལ་པོའི་གནམ་ཐང་ནས་ཨ་རིའི་Boston ནས་ཡིན་པའི་དབྱིན་ཇི་ཕོ་གསར་ཞིག་དང་འཕྲད་ངེད་གཉིས་ཚིག་ཇ་མཉམ་འཐུང་བྱེད་ཞོར་ཁ་བརྡ་ལ་རོལ། ཁོང་ནི་བལ་ཡུལ་ལ་སྤྲོ་འཆམ་དུ་ཡོང་བ་ཞིག་རེད་འདུག དེ་ནས་བལ་ཡུལ་གནམ་ཐང་ནས་སྤྱི་ཤར་ཁ་ཆེའི་རྒྱལ་ཁབ་Qatar Doha airport གནམ་ཐང་བརྒྱུད་ནས་Seattle airport ་གནམ་ཐང་བརྒྱུད་ནས་གསང་ཧོ་ཟེ་San jose airport གནམ་ཐང་ལ་ཆུ་ཚོད་ཉི་ཤུ་རྩ་བརྒྱད་འགོར་ནས་མཐར་བདེ་འབྱོར་བྱུང་། གནམ་ཐང་ནས་ངོས་ཀྱི་བརྩེ་བའི་ཚ་མོ་ཆུང་བ་བདེ་ཆེན་དབྱངས་སྐྱིད་ནས་སྒུག་འདུག་སྟབས་ངེད་ཚ་ཞང་གཉིས་ལག་འཇུ་དང་འཐམ་འཁྱུད་སོགས་བྱས་ནས་མཛེས་སྡུག་ལྡན་པའི་མོན་ཊེའུ་རེའི་ཕྱོགས་སུ་རླངས་འཁོར་ཁ་སྐོར་ནས་རང་གནས་འཇམ་དབྱངས་ཆོས་འཁོར་གླིང་ལ་དགོང་མོ་ཆུ་ཚོད་བརྒྱད་ཙམ་ལ་བདེ་བར་འབྱོར། ཆོས་ཚོགས་ཀྱི་ཕྱི་ལོགས་ནས་མཚན་མོ་དང་གནམ་གཤིས་གྲང་མོ་ཡིན་ཀྱང་ཆོས་ཚོགས་ཀྱི་སློབ་མ་མང་དག་ཞིག་གིས་ལག་ཏུ་ཁ་བཏག་བཟུང་ནས་ཕེབས་བསུའི་ཚུལ་དུ་ཆོས་ཚོགས་ཀྱི་སྒོ་འགྲམ་ནས་སྒུག་འདུག
 ད་རེས་བལ་ཡུལ་ལ་བྱེས་བགྲོད་ཀྱི་ཟླ་ཐོ་དེ་བལ་ཡུལ་ནས་རང་གནས་California བར་ཆུ་ཚོད་ཉེར་བརྒྱད་རིང་འཕུར་དགོས་སྟབས་ཆུ་ཚོད་ཞག་ལས་རིང་བའི་སུན་སྣང་ལས་གཡོལ་བའི་ཆེད་དུ་མཁའ་ལམ་ནས་བྲིས་པ་ཡིན་པས་ཚིག་དོན་ལ་ནོར་འཁྲུལ་དང་། ས་ཆའི་མིང་དང་། ཐ་སྙད་སོགས་མ་འགྲིག་པ་བྱུང་ཡོད་ན་གཤམ་མཆན་ཐོག་ཏུ་དགོངས་འཆར་ཡོད་པར་ཞུ། བཀྲ་ཤིས་བདེ་ལེགས།