བོང་བུ་ཡོད་དུས་དྲིན་མི་གོ འགྱོད་པ་སྐྱེས་དུས་བོང་བུ་མེད།
དེ་རིང་ངས་ལོ་རྒྱུས་ཀྱི་སྒྲུང་ཐུང་ཞིག་བཤད་འདོད་བྱུང་།
སྒྲུང་གི་མིང་ལ།
༼བོང་བུ་ཡོད་དུས་དྲིན་མི་གོ འགྱོད་པ་སྐྱེས་དུས་བོང་བུ་མེད།༽
གནའ་སྔ་མོ་ཞིག་ལ་བོད་ཁམས་ཀྱི་ཕྱོགས་སུ་ལུང་པ་ཞིག་ནང་ཁྱིམ་ཚང་འགའ་ཤས་མཉམ་དུ་བསྡད་ཡོད།
མི་ཚང་དེ་རྣམས་དཔལ་འབྱོར་གྱི་འཚོ་བསྟེན་ཕལ་མོ་ཆེ་འབྲོག་ལས་ཁོ་ན་ཡིན།
མི་ཚང་ཞིག་གི་མིང་ལ་༼ཆུང་ཚང་༽ཟེར། ཆུང་ཚང་ནང་ལ་སྒོ་ཕྱུགས་སེམས་ཅན་གཡག་དང་འབྲི། ར་དང་ལུག། རྟ་དང་བོང་བུ་སོགས་སེམས་ཅན་མང་པོ་ཡོད། ཇི་ཙམ་གྱིས་སེམས་ཅན་མང་བ་དེ་ཙམ་གྱིས་ལས་ཀ་མང་བ་ནི་སྤྱིར་གཏང་ཞིག་ཡིན། འཆར་ཅན་ལྟར་དུ་ཕ་མ་གཉིས་པོ་ཞོགས་སྔ་ལངས་ནུབ་ཉལ་ཕྱི་བྱེད་ནས་སེམས་ཅན་རྣམས་གསོ་སྐྱོང་གི་ཆེད་དུ་རྫོགས་རྒྱུ་མེད་པའི་ལས་ཀ་ལ་བྲེལ་བཞིན་ཡོད། ལར་ནི་ཕ་མ་གཉིས་ལ་ཕྲུ་གུ་མང་པོ་ཡོད་ཀྱང་ནམ་རྒྱུན་ནང་མིའི་ལས་ཀ་དང་ཕ་མ་གཉིས་ལ་གཞོག་འདེགས་བྱེད་མཁན་རེ་ཟུང་ལས་མེད། གསོ་སྐྱོང་བྱས་པའི་སེམས་ཅན་རྣམས་རྟ་དང་། གཡག་དང་ར་ལུག་སོགས་ཉིན་མོ་ཁྱུ་ཁྱུ་བྱེད་ནས་རི་མགོ་ལ་དེད་ཅིང་། མཚན་མོ་ནང་དུ་འབྱོར་སྐབས་འོ་མ་བཞོ་ནས་དེ་ལས་བྱུང་བའི་མར་དང་། ཆུར་བ་ཞོ་སོགས་ལ་བསྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། དོན་ངོ་མར་བཤད་ན་མི་ཚང་དེའི་ནང་ལ་ཕན་ཐོག་ཆེ་ཤོས་ཅན་ཞིག་ཡོད་པ་དེ་ནི་བོང་བུ་ཞིག་ཡོད་པ་དེ་ཡིན། ཁྱིམ་ཚང་དེ་ལོ་རེར་དབྱར་ས་ནས་དགུན་ས་ལ་ཐེངས་མ་གཉིས་ལ་རུ་སྐྱས་སྤོ་བྱེད་དགོས་ཡོད། དབྱར་ཀ་ནོར་ལུག་སེམས་ཅན་རྣམས་འདེད་ནས་རི་མགོ་མཐོ་སར་འགྲོ་ནས་སྦྲ་གུར་ནང་དུ་ཟླ་བ་བཞི་དང་། དགུན་ཁ་གྲོང་པའི་ནང་དུ་ཡོང་ནས་ཁང་པའི་ནང་དུ་ཟླ་བ་བརྒྱད་བསྡད་ཀྱི་ཡོད། དེ་ནི་བོད་ཀྱི་འབྲོག་པ་ཡོངས་ཀྱི་དཀྱུས་མའི་འཚོ་བ་སྐྱེལ་སྟངས་ཞིག་ཡིན། སྐབས་དེ་དུས་མི་ཚང་དེ་ཡི་ནང་ཆས་དང་། སྦྲ་གུར། ཟས་གོས། ཐ་ན་ལོ་ལོན་རྒན་གོག་དང་། ཕྲུ་གུ་ཆུང་ཆུང་ཚུན་ཆད་ཚང་མ་བོང་བུ་དེའི་སྒལ་པར་ཁུར་ནས་འགྲོ་དགོས། བོང་བུ་དེ་དབྱར་ས་ནས་དགུན་སའི་བར་སྐབས་རེ་ཐེངས་མ་དྲུག་བདུན་ཙམ་ཅ་དངོས་དབོར་འདྲེན་བྱེད་ནས་འགྲོ་དགོས་ཡོད། སྐབས་དེ་དུས་ཀྱི་ལས་ངན་གྱི་བོང་བུ་དེ་དེང་སང་དོ་སྐྱེལ་སྣུམ་འཁོར་དང་གཅིག་པ་ཡིན། ཤིན་ཏུ་ཁྱད་མཚར་བོ་ཞིག་ལ་མི་ཚང་དེའི་ནང་དུ་ཕོ་གསར་མོ་གསར་བོང་བུ་དང་མཉམ་དུ་ཅ་དངོས་ཁྱེར་ཐུབ་མཁན་ཡོད་ཀྱང་བོང་བུ་ལ་མཉམ་རུབ་བྱེད་ནས་ཅ་དངོས་ཁྱེར་ནས་ཁྱིམ་ཚང་འདི་ལ་མཉམ་རུབ་བྱེད་རྒྱུ་ཕར་ཞོག། བསམ་ཡུལ་ལས་འདས་པ་ཞིག་ལ་བོང་བུའི་སྒལ་པར་ཅ་དངོས་ཁྱེར་ནས་འགྲོ་བཞིན་པའི་སྐབས་སུ་ཕྲུ་གུ་འགའ་ཤས་ཀྱིས་བོང་བུའི་འཕོངས་ལ་རྡོག་ཐོས་བཞུས་པ་དང་། འགའ་ཤས་ཞིག་ནས་མགོ་བོར་ལྕགས་ཚན་གྱིས་བྲབ་པ་སོགས་བྱེད་ཅིང་། ཁ་ནས་ལྟས་ངན་བོང་བུ་རྣ་རིང་ཁྱོད་མགྱོགས་པོ་འགྲོ་རྒྱུ་མེད་པ་ཅི་རེད། ཁྱོད་ཀྱི་མདོག་ངན་རབས་དང་། ཤེད་ཤུགས་ཆུང་རབས་སོགས་མ་རབས་ཐ་ཤལ་གྱི་ཚིག་མཚོན་གྱིས་བོང་བུའི་ཅ་དངོས་ཁྱེར་ནས་འགྲོ་བཞིན་པའི་སྐབས་སུ་འགོག་རྐྱེན་བར་ཆད་མང་པོ་བྱེད་ཀྱི་ཡོད། ངོ་མ་བཤད་ན་བོང་བུའི་སྒལ་པར་ཁྱེར་བཞིན་པའི་ཅ་དངོས་དེ་རྣམས་ནི་མི་ཚང་དེ་ཉིད་ཀྱི་ཡིན་པ་ལས་བོང་བུའི་མིན། མི་ཚང་དེའི་ནང་ལ་མི་དང་དུད་འགྲོ་སོགས་ཧ་ཅང་མང་པོ་མཉམ་དུ་བསྡད་ཡོད་ཀྱང་མི་ཚང་དེ་ལ་ལྷག་བསམ་དང་སེམས་ཤུགས་ཡོད་མཁན་ནི་ཉམ་ཆུང་བོང་བུ་དེ་གཅིག་པུ་ཡིན། གཞན་མི་ཚང་དེར་གཡག་དང་། རྟ་སོགས་ཅ་དངོས་དབོར་ཐུབ་མཁན་ཡོད་ཀྱང་ཁོ་རང་ཚོ་སོ་སོའི་རྩྭ་བཟང་ས་དང་ཆུ་ཞིམ་སའི་དཔེ་ལྟར་རང་མགོ་གར་ཐོན་བྱེད་ནས་འགྲོ་བ་ལས་མི་ཚང་འདིར་བསམ་བློ་གཏོང་གི་མེད། དེ་ནི་གཅིག་བྱས་ན་མི་ཚང་འདིའི་ནང་མི་རྣམས་ལ་ཇི་ལྟར་ཕན་བཏགས་བྱས་ཀྱང་དེ་ཉིད་ལ་བྱས་པ་དྲིན་བཟོའི་ཚབ་ཏུ་དྲིན་ལན་ལོག་འཇལ་བྱེད་མཁན་ཤ་སྟགས་ཡིན་པ་ཕལ་ཆེར་ཤེས་ནས་ཡིན་རྒྱུ་རེད་བསམ། སྟབས་མ་ལེགས་པ་ཞིག་ལ་ཉིན་གཅིག་ལས་ལ་བརྩོན་ཞིང་ལྷག་བསམ་རྣམ་དག་ཅན་གྱི་བོང་བུ་དེ་ཤི་བ་རེད། བོང་བུ་ཤི་ནས་བཟུང་སྟེ་མི་ཚང་དེ་ཡི་ཅ་དངོས་དབོར་འདྲེན་བྱེད་མཁན་མེད་པར་གྱུར་ཅིང་ཁྱིམ་ཚང་གི་ཕྲུ་གུ་དེ་རྣམས་ཀྱང་ཁ་ཁ་སོ་སོ་གྱུར་ནས་མཐར་ཁྱིམ་ཚང་དེ་ཡང་འཐོར་ཞིག་ཏུ་སོང་བ་རེད། ལོ་འགའ་ཤས་ཀྱི་རྗེས་སུ་ཁྱིམ་ཚང་གི་ཕྲུ་གུ་རྣམས་གཅིག་ཏུ་འཛོམས་ནས་ང་ཚོའི་ཁྱིམ་ཚང་ཡང་སྐྱར་གསར་འཛུགས་བྱེད་དགོས་འདུག།
བོང་བུ་བཀའ་དྲིན་ཅན་དེ་ཡོད་པའི་སྐབས་སུ་ང་ཚོའི་ཁོང་ལ་དྲིན་ལན་ལོག་འཇལ་བྱས་འདུག་ཟེར་ནས་ཚང་མས་འགྱོད་པ་སྐྱེས་ནས་འདི་ལྟར་ཟེར་བ་རེད།
༼བོང་བུ་ཡོད་དུས་དྲིན་མི་གོ འགྱོད་པ་སྐྱེ་དུས་བོང་བུ་མེད།༽
ཟེར་ནས་བོང་བུའི་བཀའ་དྲིན་རྗེས་སུ་དྲན་པ་རེད།
ད་དུང་ཁམས་ཀྱི་གཏམ་དཔེ་འགའ་ཤས་དཔེར་ན། ༼ཁོང་ཁྲོ་ཤིག་ལ་ཟ་ན་ར་རྩག་མེ་ལ་བརྒྱབས ༽
༼ཕ་དྲིན་ཅན་མི་ཟེར་ཕུང་སེ། མ་དྲིན་ཅན་མི་ཟེར་ལག་སྐམ་༽
སོགས་མང་པོ་ཞིག་སྒྲུང་དང་སྦྱར་ནས་འགོད་འདོད་ཡོད་ཀྱང་གནས་སྐབས་འདིར་མཚམས་འཇོག་བྱེད་ཀྱི་ཡིན།
བོད་པ་རྣམས་ཀྱིས་གོང་གི་སྒྲུང་དེའི་རྒྱུད་ནས་སོ་སོ་ལ་གོ་བ་ག་རེ་ལོན་ཡོད་ན་ངེས་པར་གསུངས་རོགས་ཞུ།
Share This Story, Choose Your Platform!