See the original post on Rinpoche’s Blog:  ལོ་གསར་ཐུང་མཚམས་ཤིག་ལ་བསྡད་པ།

འཇམ་དབྱངས་ཆོས་འཁོར་གླིང་ནས་སྔ་ནས་གྲ་སྒྲིག་བྱས་པ་ལྟར་༢༠༢༥་ལོའི་ལོ་ཆོས་སུ་ཉིན་གསུམ་རིང་མི་མང་དང་མཉམ་དུ་ཐུང་མཚམས་ཤིག་ལ་འདུག་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་སྐྱིད་པོ་བྱུང་། འདི་ལོའི་ལོ་གསར་གྱི་མཛད་རིམ་ལ་ཉིན་དང་པོར་རྗེ་བཙུན་སྒྲོལ་མའི་རྗེས་གནང་མཆོག་གླིང་གཏེར་གསར་གྱི་ལུགས་དང་། ཉིན་གཉིས་པར་གནམ་ཆོས་འཕོ་བ། ཉིན་གསུམ་པར་བྱང་ཆུབ་སེམས་སྡོམ་དང་མར་མེ་སྨོན་ལམ་བཅས་ཀྱིས་མཛད་སྒོ་ལེགས་པར་གྲུབ། སྤྱིར་བཏང་ངས་ནམ་རྒྱུན་ཆོས་ཕྱོགས་ཀྱི་མཛད་རིམ་སྐབས་སུ་དབང་གནང་རྒྱུ་ཧ་ཅང་ཉུང་ཉུང་ཡིན་ཅིང་ཕལ་ཆེར་འདས་པའི་མི་ལོ་ཉི་ཤུའི་ནང་གཞན་གྱིས་བསྐུལ་མ་བྱས་ནས་འོད་དཔག་དང་། སྨན་བླའི་རྗེས་གནང་ཙམ་ལས་ཡོངས་གྲགས་སུ་མི་མང་ལ་ཁྲོམ་དབང་ཕལ་ཆེར་བྱེད་མྱོང་མེད། དེ་ནི་རྒྱུ་མཚན་གཉིས་ཏེ། དང་པོ་རང་ཉིད་ལ་དབང་སྐུར་ཐུབ་པའི་རྒྱུད་སྡེ་ནས་གསུངས་པའི་ཆ་རྐྱེན་རྣམས་མི་ལྡན་པ་དང་། གཉིས་པ་ནི་སྣོད་མིན་ལ་གསང་སྔགས་ཁྲོམ་བསྒྲག་བྱས་པའི་རྩ་ལྟུང་ལ་འཇིགས་ནས་ཡིན། རྡོ་རྗེ་ཐེག་པའི་རྩ་ལྟུང་གི་བཤགས་པ་ལས། “སྣོད་མིན་སེམས་ཅན་ཐམས་ཅད་ལ། ཕྱི་ཡི་ཆོས་བཤད་ཡིན་པ་ལ། །གསང་བའི་དོན་རྣམས་འཆད་པ་ནི། །ཡན་ལག་ཉེས་པ་བརྒྱད་པ་ཡིན།”ཞེས་གསལ་པོར་གསུངས་པ་འདི་དེང་སང་གི་དུས་སུ་གསང་སྔགས་སུ་འཇུག་པར་རློམ་པའི་རང་འདྲའི་ཟོབ་སྐྱལ་བ་རྣམས་ཀྱིས་ཇི་མི་སྙམ་པར་བྱུང་རྒྱལ་དུ་གསང་སྔགས་ཁྲོམ་ཆོས་དང་ཚོང་རྫས་སུ་བེད་སྤྱོད་བྱེད་བཞིན་སྐབས་འདིར་ངས་གསང་སྔགས་བཤད་ཀྱི་མིན་ཟེར་ན་ས་པཎ་གྱིས། “ཆོ་ག་ཉམས་པར་བྱེད་པ་རྣམས། །ཆོ་ག་ཚང་བར་བྱེད་ལ་བརྙས། །ཙུ་ཏའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མིར་མི་བརྩི། །”ཞེས་གསུངས་པ་ལས་མ་འདས་ཀྱང་གནས་སྐབས་བདེན་ཁ་སྟེར་མིན་ལ་མ་ལྟོས་པར་མཐར་ཐུག་གི་བདེན་ཁའི་དཔང་པོ་ནི་བསླུ་མེད་ཀྱི་དྲང་བདེན་དང་ལས་འབྲས་ཁོ་ན་ཡིན་པས་ང་ནི་ལམ་དེ་ལས་ཕྱི་ནུར་གོམས་གང་མི་བྱེད་པའི་དམ་བཅའ་ཡིན།

ལྷག་པར་དུ་གསང་སྔགས་དང་འབྲེལ་བའི་དབང་ཆོས་ཀྱི་སྐབས་སུ་ཆོས་ཞུ་བ་རྣམས་ལ་སྤྱིར་ནང་ཆོས་ལ་གོ་རྟོགས་ཡོད་མཁན་ཞིག་དང་མ་ཟད་རྒྱུད་ལ་སྐྱབས་སྡོམ་ཡོད་མཁན་ཞིག་ལས་གང་བྱུང་ཐོད་རྒལ་དུ་གནས་སྐབས་ཆོས་གྲལ་ལ་མི་མང་ཐབས་ཀྱིས་གསར་ཤོག་དང་། གློག་བརྙན་སོགས་སུ་ཁྱབ་བསྒྲགས་གཏན་ནས་མི་བྱེད། ད་རེས་ཀྱི་མཚམས་ཀྱི་སྐབས་སུ་ཡིན་ན་མི་རེ་རེ་བཞིན་སྒུག་ཐོ་བླངས་ནས་ཏན་ཏན་ནང་ཆོས་ཅུང་ཟད་ཧ་གོ་མཁན་ཞིག་དང་། ལྷག་པར་དུ་ཆོས་ཞུ་བ་རྣམས་ཐོ་ཞུགས་བྱས་ཟིན་ནས་ཉིན་གསུམ་གྱི་རིང་ཆོས་ཁྲིད་ཆ་ཚང་ལ་འདུག་དགོས་པ་ཡིག་ངག་གཉིས་ཀའི་ཐོག་ནས་ཁྱབ་བསྒྲགས་བྱས་ཟིན་པ་རེད།
གང་ལྟར་ཀྱང་ཁ་སང་གི་ཉིན་གསུམ་གྱི་ཐུང་མཚམས་སྐབས་སུ་ངོས་ཀྱི་ཆོས་གྲོགས་རྙིང་པ་མང་པོ་ཞིག་གི་རེ་བ་ལྟར་ཉིན་དང་པོར།
“རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་དབང་ཆོག་བྱིན་རླབས་ཆར་འབེབས།” མཆོག་གླིང་གཏེར་གསར་ལ་འཇམ་དབྱངས་མཁྱེན་རྩེ་པདྨ་འོད་གསལ་མདོ་སྔགས་གླིང་པས་བསྒྲིག་ཆོག་གནང་བ་འདི་ཉིད་ཀྱི་སྒོ་ནས་རྗེས་གནང་བསྡུས་པ་ཞིག་ཀྱང་བཏོན། ཉིན་གཉིས་པའི་སྐབས་སུ་གནམ་ཆོས་འོད་དཔག་མེད་ཀྱི་གཏེར་གཞུང་གི་འཕོ་བ་ལ་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་བསྒྲིག་ཆོག་གནང་བའི། “གནམ་ཆོས་འོད་དཔག་འཕོ་བ་ཕྱོགས་བསྒྲིགས”ཤེས་པ་འདི་ཉིད་ཀྱི་སྒོ་ནས་སྔ་ལོར་འཕོ་མཚམས་དང་འཕྲོ་མཐུད་ནས་འཕོ་བ་སྦྱང་ཁྲིད་སོགས་ལེགས་པར་བྱས། ཉིན་གསུམ་པའི་སྐབས་སུ་བྱང་ཆུབ་སེམས་སྡོམ་མཉམ་ལེན་དང་། ཉེར་མཁོའི་ལུང་ཁ་ཤས་བཏོན་ཅིང་མར་མེ་སྨོན་ལམ་དང་འཛམ་གླིང་ཞི་བདེའི་སྨོན་ལམ་སོགས་ཀྱིས་ད་རེས་ཀྱི་ལོ་ཆོས་ཐུང་མཚམས་དེ་འགལ་རྐྱེན་བར་ཆད་གང་ཡང་མེད་པའི་ཐོག་ནས་མཇུག་ལེགས་པར་ཡོངས་སུ་གྲུབ་བོ།
འདི་ལོའི་མཚམས་ལ་ཆེད་བཅར་གནང་མཁན་ནི་མང་ཤོས་ས་གནས་འདིར་ངོས་ཀྱི་དགེ་ཕྲུག་དབྱིན་ཇི་རྣམས་ཡིན་ཅིང་ཨ་རིའི་མངའ་སྡེ་པོར་ལེན་ཌི་ནས་ཕེབས་པའི་དམ་གཙང་བོད་རིགས་ངོས་ཀྱི་སློབ་མ་རྙིང་པ་འགའ་ཤས་ཤིག་ཀྱང་ཕེབས་གནང་འདུག གཞན་རྒྱ་རིགས་སོགས་མདོར་ན་མི་གྲངས་བཞི་བཅུ་ཙམ་ཞིག་ཡོད་སྐད་འདུག
གང་ལྟར་ནམ་རྒྱུན་ངས་ཆོས་བཤད་སྒོམ་སྒྲུབ་གང་བྱས་ཀྱང་མི་གྲངས་མང་ཉུང་ལ་མ་ལྟོས་པར་དེར་ཡོད་སློབ་མ་རྣམས་སེམས་རྒྱུད་ཆོས་སུ་འདྲེས་པའི་ཐབས་ཤེས་ཀྱིས་རང་ལ་ཉམས་ལེན་ཚད་ལྡན་མེད་ཀྱང་མ་མཐའ་ཡང་ཀུན་སློང་གཞན་ཕན་བསམ་པ་བཟང་པོའི་ངང་ནས་གང་བཤད་རྒྱུ་དང་སྒྲུབ་རྒྱུའི་ཆོས་རྣམས་རང་སེམས་འདུལ་བྱེད་ཉོན་མོངས་ཀྱི་གཉེན་པོར་འགྲོ་ཐུབ་ཐབས་གང་དྲག་བྱེད་ནས་ཆོས་བཤད་ཁུལ་བྱེད་ཀྱི་ཡོད། འདི་ལོར་ཡང་མིང་ལ་སྒྲོལ་མའི་རྗེས་གནང་དང་འཕོ་བ་སོགས་གསང་སྔགས་ཀྱི་ཟབ་ཆོས་ཤ་སྟགས་ཡིན་ཀྱང་བཤད་རྒྱུའི་ཆོས་ཀྱི་སྙིང་པོ་ནི་ལས་འབྲས་དང་། མི་རྟག་པ། ངེས་འབྱུང་སོགས་ཀྱིས་རང་རྒྱུད་འདུལ་དགོས་ཚུལ་ནན་བཤད་བྱས་པ་ཡིན། དེ་ཡང་ཁོ་བོས་བྲིས་པའི་ཐར་རྒྱན་བསྡུས་དོན་རྣམ་གྲོལ་ལམ་བཟང་ལས། “རང་རེ་དྭགས་པོ་བཀའ་བརྒྱུད་ལུགས་སྲོལ་ལ། །བློ་ལྡོག་རྣམ་བཞིས་རང་རྒྱུད་མ་ཐུལ་ན། །ཟབ་མོའི་ཆོས་ཉིད་གནད་དུ་མི་འགྲོ་བས། །དངོས་གཞི་ཆོས་ལས་སྔོན་འགྲོ་གལ་ཆེ་གསུངས། །མཐོན་པོའི་ཆོས་ལ་ཧབ་ཐོབ་མི་བྱེད་པར། །ཐེག་པ་མས་འཛེགས་བྱས་ན་ཐར་རྒྱན་ཡིན།།” ཅེས་གསུངས་སོ། ས་གནས་འདིར་ཡོད་པའི་ང་ཡི་ཆོས་ཚོགས་ནས་ལོ་ལྟར་ཆག་དབྱིན་ཇི་ལོ་སར་རྗེས་སུ་ས་གནས་གང་དུ་ཡོད་པའི་ངོས་ཀྱི་ཆོས་གྲོགས་རྣམས་མཉམ་འཛོམས་ཀྱིས་ཉིན་གསུམ་དང་བཞི་གང་རུང་ཞིག་ལ་མཚམས་འདུག་གི་ཡོད། དེ་ནི་དོན་དང་ལྡན་པའི་སྐྱིད་པའི་ལོ་གསར་བསུ་བའི་ཐབས་ཤེས་ངོ་མ་དེ་རེད་བསམ། གང་ཡིན་ཞེ་ན། happy new year མིང་དོན་དང་ལྡན་པ་ཞིག་དགོས་ན་ངེས་པར་བདེ་སྐྱིད་ཕྱི་ལོགས་ནས་མི་བཙལ་བར་བདེ་སྐྱིད་ནི་ནང་ལོགས་ནས་འཚོལ་དགོས་སོ། བདེ་སྐྱིད་འཇོམས་མཁན་ནི་ཉོན་མོངས་རྣམས་ཡིན་པས་ཉོན་མོངས་སྤངས་ཏེ་སེམས་བཟང་པོའི་ཕྱོགས་སུ་བསྒྱུར་བཅོས་བཏང་བ་ལས་ཐབས་ལམ་གཞན་གང་ཡང་མེད་པར་ཤེས་དགོས་སོ།
སྤྱིར་བཏང་འཕོ་བ་དང་། རྫོགས་ཆེན། ནཱ་རོའི་ཆོས་དྲུག། ཡི་དམ་གྱི་ལྷ་འདྲ་མིན་གྱི་དབང་ཆེན་སོགས་སྐུར་ནས་དེང་སང་ཕྱི་རྒྱལ་བའི་སྤྱི་ཚོགས་ཁྲོད་ནས་གནས་སྐབས་མཛད་སྒོ་དེ་ཉིད་ཀྱི་སྐབས་སུ་བླ་མ་རྣམས་ཀྱིས་སློབ་མ་མང་ཐབས་དང་། སྐད་གྲགས་ཆེ་ཐབས་ཙམ་ལ་སོང་བ་ཡིན་ན། དེའང་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། “གསང་སྔགས་དེ་ཡང་འཕྲལ་གྱི་རྐྱེན་སེལ་ལམ། ། ཚེ་དང་ནོར་སྒྲུབ་དབང་སྡུད་མངོན་སྤྱོད་སོགས། ། ཚེ་འདིའི་ལག་ཆ་ཁོ་ནར་འཁྱེར་བ་ནི། །ས་མཆོག་ཙན་དན་སོལ་བར་བྱས་འདྲ་བས། ། ཆོས་ཀྱིས་ངན་སོང་བསྒྲུབས་པ་མ་བྱེད་ཨང༌།”ཞེས་གསུངས་སོ། མ་ཟད་ཕྱི་རྒྱལ་བ་རྣམས་ལ་འཕོ་བ་ངོ་སྤྲོད་བྱེད་པའི་སྐབས་སུ་ཏན་ཏན་མདོ་སྔགས་གཉིས་ཀའི་དགོངས་པ་དང་མ་འགལ་བའི་ཐོག་ནས་འགྲེལ་བཤད་བྱེད་དགོས་པ་ལས་དང་པོ་ཉིད་ནས་རྒྱུད་ཀྱི་ལུང་ཚིག། རྒྱུད་ལས། “ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་ཡང་། །འདི་ཡིས་ལམ་གྱིས་གྲོལ་གྱུར་ཏེ། །སྡིག་གིས་གོས་པར་མི་འགྱུར་རོ། །” ཞེས་པའི་རྒྱུད་ཀྱི་ལུང་ཚིག་འདི་རྣམས་ཇི་མི་སྙམ་པར་ཁ་ཕོ་ཆེན་པོའི་བཤད་རྐྱང་བྱས་ན་མདོ་ཡི་སྐབས་སུ་སངས་རྒྱས་ཀྱིས། “ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །”ཅེས་པའི་མདོ་སྔགས་རྣམས་ལས་གསུངས་པའི་ལུང་ཚིག་འདི་རྣམས་དངོས་འགལ་དུ་མ་སོང་བར་འཕོ་བའི་ཆོས་འདི་ཉིད་དམིགས་བསལ་བ་ཞིག་ཡིན་སྟབས་འཕོ་བ་འདེབས་མཁན་གྱི་བླ་མའི་ཁྱད་ཆོས་དང་། སློབ་མའི་མཚན་ཉིད་སོགས་གང་དགོས་ངེས་པར་བཤད་དགོས་པ་མ་ཟད་མདོ་སྔགས་གཉིས་ནས་གསུངས་པའི་ལུང་ཚིག་འདི་རྣམས་ཀྱང་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་སོགས་ཇི་ལྟར་ཡིན་པར་ཤེས་པའི་ཐོག་ནས་འཕོ་བའི་འགྲེལ་བཤད་ཚུལ་བཞིན་མ་གནང་ན་ནང་ཆོས་ཀྱི་རྨང་གཞི་ལས་འབྲས་སྐོར་བཤད་དུས་དང་པོ་ལས་ངེས་པ། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བ་སོགས་དང་དགོངས་པ་དང་དངོས་འགལ་དུ་མི་འགྲོ་བའི་ངེས་པ་མེད་ཅིང་དེ་ལྟར་བྱུང་ན་འཕོ་བ་ཞེས་པའི་སྐད་གྲགས་ཅན་གྱི་ཟབ་ཆོས་དེ་ནང་ཆོས་ཀྱི་གྲལ་ནས་བུད་ཅིང་ཆོས་ཀྱི་རྨང་གཞི་ལས་འབྲས་སོགས་དང་འགྲོ་སྟངས་གཏན་ནས་མི་མཚུངས་པ་ནམ་ཞིག་ཕོ་རོག་དཀར་པོའི་ནང་ཆོས་དམིགས་བསལ་བ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པས་གཟབ་དགོས་པར་སྙམ་མོ།

{ལས་བྲེལ་བར་ནས་མགྱོགས་བྲིས་ཡིན་སྟབས་ཡིག་ནོར་ལ་དགོངས་ཡངས་གནང་རོགས་ཞུ། }