མི་ལས་སྒམ་པོ་པར་རྐུབ་ཆོས་གནང་བཞིན་པ།
ཁ་སང་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་སྐབས་སུ་ཆོས་བཤད་འདི་འདྲ་ཞིག་བྱས།
ང་ས་གནས་འདིར་འབྱོར་ནས་བཟུང་ཕལ་ཆེར་མི་ལོ་བདུན་མ་ཟིན་ཙམ་འགྲོ་འདུག འབྱོར་མ་ཐག་ནས་ཆོས་བཤད་དང་ལྷག་པར་བདེ་ཆེན་ཞིང་སྒྲུབ་ད་བར་མ་ཆད་པར་མཉམ་དུ་ཉམས་ལེན་བྱས། ཧ་ཅང་ཡག་པོ་བྱུང་། ས་གནས་འདིར་འབྱོར་ནས་མི་རེ་ཟུང་ཞིག་གི་རྒྱུད་ལ་ཕན་ཐོག་དགེ་བའི་ས་བོན་ཕྲན་བུ་རེ་བཏབས་ཐུབ་ཡོད་ཤས་ཆེ། ལར་ནི་འདི་ཕྱོགས་ཀྱི་མི་དེ་རྣམས་འཁོར་བ་དང་འདོད་ཡོན་ལ་གཡེངས་ཆེ་ནས་ཆོས་ཚུལ་བཞིན་སྒྲུབ་པའི་བསྐལ་བ་དམན་པ་ཡིན་པ་བཤད་མ་དགོས་པ་རེད། ཆོས་ལ་བསྟེན་ནས་རང་རྒྱུད་ཉོན་མོངས་དང་ཁ་བྲལ་འདོད་ཡོད་ན་ངེས་པར་དུ་ཉམས་ལེན་ལ་བརྩོན་འགྲུས་བྱེད་རྒྱུ་ཧ་ཅང་ནས་གལ་ཆེ། ཁྱེད་རང་ཉོན་མོངས་མཉམ་དུ་ད་དུང་མུ་མཐུད་ནས་བསྡད་འདོད་ཡོད་ན་གནས་ཚུལ་ཐ་དད་རེད། གང་ཉམས་སུ་ལེན་རྒྱུའི་ཆོས་དེ་ཉིད་ཀྱང་བརྒྱུད་པ་གཙང་མ་ཟིན་དགོས། བརྒྱུད་པ་འཛིན་ཟེར་དུས་ཆོས་ལུགས་ཕན་ཚུན་བར་ལ་ཆགས་སྡང་གི་སྐད་ཆ་མ་རེད། རང་གི་ཆོས་ལུགས་ཀྱི་བརྒྱུད་པ་འཛིན་བཞིན་དུ་གཞན་པའི་ཆོས་ལུགས་ལ་ཞེ་ས་དང་གུས་བཀུར་བྱེད་དགོས། སྤྱིར་གཏང་ཆོས་ཟེར་བ་དེ་རང་སེམས་བཅོས་བསྒྱུར་གཏང་བའི་དོན་ཞིག་ཏུ་ངེས་པར་དུ་གོ་དགོས། རང་སེམས་ལ་འགྱུར་བ་གང་ཡང་མེད་པར་ལོ་དང་ཟླ་བ་མ་ཟད་མི་ཚེ་ཧྲིལ་པོར་ཆོས་སྒྲུབ་ཁུལ་བྱས་ཀྱང་ཕན་ཐོག་གང་ཡང་མེད། སྤྱོད་འཇུག་ལས་ཀྱང་།
བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན།
།ཡུན་རིང་དུས་སུ་སྤྱད་བྱས་ཀྱང།
།སེམས་གཞན་གཡེངས་བར་བྱས་པ་ཡིས། །
དེ་དག་དོན་མེད་གྱི་ནར་འཁྱམས།།
ཞེས་གསུངས་ཡོད། སེམས་ངེས་པར་བཅོས་བསྒྱུར་གཏང་འདོད་ཡོད་ན་སྒོམ་རྒྱག་དགོས། ཇི་ཙམ་སྒོམ་རྒྱབ་པ་ཡིན་ན་དེ་ཙམ་གྱིས་སེམས་ལ་ཡར་རྒྱས་གཏོང་ཐུབ། སེམས་ཀྱི་ཡར་རྒྱས་ནི་སངས་མ་རྒྱས་བར་དུ་མཐའ་མེད་པ་ཡིན། ངས་དེ་རིང་འདིར་སྒོམ་རྒྱག་དགོས་པའི་ལོ་རྒྱུས་མདོར་བསྡུས་ཞིག་བཤད་ཀྱི་ཡིན།
(བོད་གངས་ཅན་ལྗོངས་ཀྱི་གྲུབ་ཐོབ་ཀྱི་རྒྱལ་པོ་རྗེ་བཙུན་མི་ལ་རས་པ་ནི་བོད་ཀྱི་ནང་ཆོས་ཀྱི་རྗེས་འཇུག་ཞིག་དང་མ་ཟད་ནང་པ་ཞིག་ཡིན་ནས་བཟུང་སྟེ་མང་པོ་ཞིག་ནས་ལོ་རྒྱུས་བཀླག་མ་མྱོང་ཡང་རྣ་བས་ཐོས་མ་མྱོང་མཁན་ཕལ་ཆེར་མེད། མི་ལ་རས་པའི་སློབ་ཚོགས་ཧ་ཅང་མང་ཡང་ཉི་ཟླ་སྐར་གསུམ་ནང་ནས་ཉི་མ་ལྟ་བུ་སློབ་མ་ཡག་ཤོས་རྗེ་སྒམ་པོ་པ་ཡིན། མི་ལ་རས་པས་སྒམ་པོ་པར་རྡོ་རྗེ་འཆང་ནས་ཏེ་ལོ། ནཱ་རོ། མར་པ་ནས་རིམ་བཞིན་བརྒྱུད་པའི་དྭགས་པོ་བཀའ་བརྒྱུད་ཀྱི་གདམས་ངག་དབང་ལུང་མན་ངག་སོགས་གང་དགོས་ལོ་མང་རིང་གནང་། མ་ཟད་དཔལ་བཀའ་བརྒྱུད་པའི་ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ནཱ་རོའི་ཆོས་དྲུག་སོགས་བུམ་པ་གང་བྱོའི་ཚུལ་དུ་ལྷག་ཆད་མེད་པར་གནང་། ཉིན་གཅིག་སྒམ་པོ་པས་མི་ལར་འདི་ལྟར་གསུངས། ཁྱེད་རང་ང་རྩར་ལོ་མང་རིང་བསྡད་ཅིང་ཉམས་རྟོགས་ཀྱི་བརྡར་ཤ་བཅད་ད་བུ་ཁྱེད་རང་སྟོང་ཉིད་རྟོགས་པ་ངོ་འཕྲོད་ཅིང་ཉམས་རྟོགས་ཀྱི་ཡོན་ཏན་རྣམས་ཡར་རྒྱས་སུ་སོང་བས་ད་ནས་བཟུང་སྟེ་གཞན་དོན་བྱེད་པའི་དུས་ཡིན་པས་ཕ་རྒན་ང་རྩར་འདུག་མི་དགོས་པར་འདི་ནས་ལྷོ་སོགས་སུ་སྒམ་པོ་དཔལ་གྱི་རི་བོར་སོང་ནས་གཞན་དོན་གྱིས་ཤིག མ་སོང་བའི་སྔུན་ལ་སུ་གང་ལའང་བསྟེན་མ་བྲ་པའི་མན་ངག་ཞིག་ཡོད་པས་བུ་ཁྱོད་རང་ལ་བསྟེན་གྱི་ཡིན་ཅེས་གསུངས། སྒམ་པོ་པས་བསམ་པར། ཨོ། ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་མན་ངག་དང་མ་ཟད་དབང་ལུང་ཁྲིད་སོགས་མང་པོ་ཞིག་ལོ་མང་རིང་ཞུས་ཤིང་སྟོང་ཉིད་ལ་ངོ་རང་ཐོག་ཏུ་འཕྲོད་ཅིང་། ཐག་གཅིག་ཐོག་ཏུ་བཅད། གདེངས་གྲོལ་ཐོག་ཏུ་བཅའ་བའི་རྣལ་འབྱོར་པ་ང་ལ་སྔར་ལོ་མང་རིང་ཐོབ་མ་མྱོང་བའི་གདམས་ངག་གང་འདྲ་ཞིག་ཡོད་ན་བསམ་པ་རྟག་པར་དྲན་བཞིན་ཡོད། ཉིན་གཅིག་སྒམ་པོ་པ་རང་ཡུལ་དུ་འགྲོ་རན་པའི་སྐྱེལ་མ་རུ་མི་ལའང་མཉམ་དུ་སོང་། བླ་སློབ་ཕན་ཚུན་འབྲལ་མི་ཕོད་པ་ལྟ་བུའི་ཚོར་སྣང་བྱུང་། མི་ལས་སྒམ་པོ་པ་ཆུ་མཚམས་ཞིག་གི་བར་དུ་སྐྱེལ་མ་བྱས། སྒམ་པོ་པ་ཆུ་ཕ་རིར་སླེབས་ཚར་མ་ཐག་སྔར་གཞན་ལ་མ་གནང་བའི་གདམས་ངག་གནང་གསུངས་པ་དེ་གཞི་ནས་དྲན། སྒམ་པོ་པས་ཆུ་ཕ་རི་ནས་ཚུར་ཁ་འཁོར་ནས་སྐད་ཤུགས་ཆེན་པོས་འདི་ལྟར་བོས། ཨེ། ཕ་རྒན་མི་ལ་རས་པ། ཁྱེད་ཀྱིས་ང་ལ་ཐ་མའི་གདམས་ངག་གལ་ཆེན་པོ་ཞིག་གནང་གསུངས་པ་དེ་ང་བརྗེད་འདུག ང་གདམས་ངག་དེ་ཞུ་ལ་ཡོང་གི་ཡིན་ཞུས་པས། མི་ལས་ཨེ་བུ། ཁྱེད་རང་ཚུར་ཡོང་མི་དགོས། ང་ཡི་གདམས་ངག་འདི་ཡིན་ཅེས་ན་བཟའ་ཧྲལ་པོ་རྙིང་པ་དེ་ཡར་ལྡོག་ནས་འཕོང་གི་རྐུབ་དེ་བསྟེན། མཐོང་སོང་བས། ད་དངོས་གནས་མཐོང་བྱུང་བས། ཟེར་བས་སྒམ་པོ་པས་ངས་མཐོང་སོང་། ད་དངོས་གནས་མཐོང་སོང་ཞེས་ལན་བཏབས། མི་ལའི་རྐུབ་ཀྱི་འཕོང་གཉིས་པོ་ལེབ་ལེབ་དང་འཁྲེག་པོ་རྡོ་ནང་བཞིན་ཆགས་ཡོད། རྐུབ་བསྟེན་དགོས་པའི་རྒྱུ་མཚན་ཀྱང་སྟོང་ཉིད་ངོ་འཕྲོད་ཀྱང་སྒོམ་བྱེད་ནས་མཇུག་སྐྱོང་དགོས་པའི་བརྡ་ཡིན། བླ་སློབ་གཉིས་ཆུ་མཚམས་སུ་སླེབས་པ་དེ་བཀའ་བརྒྱུད་པའི་བསྟན་པ་རྣམས་ཆུ་བོའི་རྒྱུན་བཞིན་མ་ཉམས་པའི་རྟེན་འབྲེལ་ཡིན། བླ་སློབ་ཕན་ཚུན་ཆུ་ཕ་རི་དང་ཚུ་རི་ཐ་དད་དུ་སོང་བ་དེས་རྗེས་མར་ཡང་སྐྱར་མི་ཐུག་པའི་རྟེན་འབྲེལ་ཡིན་ཅེས་གསུངས་ཡོད།། )
དེ་རིང་ཆོས་ཐུན་དེར་མི་མང་ཧ་ཅང་དགའ་བོ་བྱས་སོང་།