Read Rinpoche’s Blog (in Tibetan) here.   Originally posted September 18, 2024.

ཨ་རིའི་པོར་ལེན་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མ་བཅུ་བདུན་པ།

སྤྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་མོ་མཁའ་ལམ་བརྒྱུད་པོར་ལེན་ལ་སོང་། དགུང་མོ་ཆུ་ཚོད་དྲུག་ཙམ་སྐབས་སུ་པོར་ལེན་གནམ་ཐང་དུ་བདེ་འབྱོར་བྱུང་། རིང་ནས་འདྲིས་པའི་དམ་གཙང་གི་ཆོས་གྲོགས་མི་ཉུང་བ་ཞིག་ནས་ལག་ཁ་བཏགས་དང་སེམས་དད་གུས་ཀྱིས་གནམ་ཐང་ནས་སྒུག་འདུག ཡུན་རིང་མ་མཇལ་བའི་ཆོས་གྲོགས་རྣམས་དངོས་སུ་ཞལ་མཇལ་ཡོང་དུས་སེམས་ལ་བརྗོད་མི་ཐུབ་པའི་བདེ་བ་རེ་སྤྲོད་ཀྱི་འདུག དེ་ནས་ཆོས་གྲོགས་ཤེས་རབ་སྐལ་ལྡན་ལགས་ཀྱི་ནང་དུ་ཤར་བསྐྱོད་བྱས་ནས་དེ་ནུབ་དེར་ངལ་གསོ་བྱས། ཕྱི་ཉིན་ཞོགས་པ་སྤྱི་ཚེས་བཅུ་དྲུག་ཉིན་བོད་ཁང་དུ་སོང་བས་ཆོས་གྲོགས་མང་དག་ཞིག་ནས་སྒུག་འདུག ཁ་དཔེར། མི་མང་ལག་པར་གཡང་ཡོད་ཅེས་པའི་དཔེ་ལྟར་དུ་ཚང་མས་མཉམ་རུབ་ཀྱིས་སང་ཉིན་བདེ་ཆེན་ཞིང་སྒྲུབ་ཀྱི་གྲ་སྒྲིག་གཏོར་མ་བཅའ་བ་དང་། མཆོད་པ་གཤམ་བཀོད་དུས་ཚོད་ཐུང་ངུའི་ནང་ལེགས་གྲུབ་བྱུང་། ཆོས་གྲོགས་ཨ་ཅ་ངག་དབང་མདའ་གཞིའི་འདོད་པ་ལྟར་བལ་པོའི་ཟ་ཁང་ནང་དུ་ཉིན་ཟས་མཉམ་དུ་ཟོས་ནས་སླར་ཡང་ཤེས་རབ་སྐལ་ལྡན་ནང་དུ་སོང་། ཕྱི་ཉིན་ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་བས་ཆོས་གྲོགས་རྣམས་རིམ་བཞིན་འཚོགས་ཁང་ནང་དུ་གཅིག་རྗེས་གཉིས་མཐུད་ཀྱིས་འབྱོར། ད་ལོར་ཉིའུ་ཡོག་ལ་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུར་བྱང་ཨ་རིའི་བོད་རིགས་རྣམས་ཀྱིས་བརྟན་བཞུགས་དང་མཇལ་ཁ་ཡོད་སྟབས་འདི་ལོའི་བདེ་ཆེན་ཞིང་སྒྲུབ་གཉིས་དུས་ཚོད་ཏག་ཏག་ལ་ཁེལ་འདུག་པས་ངོས་ཀྱི་བསམ་པར་ད་ལོའི་ཞིང་སྒྲུབ་ལ་ཡོང་མཁན་མི་དེ་ཙམ་ཡོད་རྒྱུ་མ་རེད་བསམ་ཡང་རང་གི་བསམ་པ་ལྟར་མི་དེ་ཙམ་ཉུང་དུ་ཕྱིན་མི་འདུག གང་ལྟར་ཀྱང་བདེ་ཆེན་ཞིང་སྒྲུབ་སྐབས་སུ་ཞོགས་པ་འཆར་ཅན་ལྟར་བསྙེན་གནས་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་སྡོམ་པ་ཞུ་ཞིང་བསྲུང་བྱའི་སྡོམ་པ་རྣམས་འགྲེལ་བཤད་དང་ཕན་ཡོན་སོགས་ངོ་སྤྲོད་མདོར་བསྡུས་གྲུབ་མཚམས་ཆུ་ཚོད་བརྒྱད་པའི་སྐབས་སུ་མི་མང་དང་་མཉམ་དུ་ཞོགས་ཟས་ལ་རོལ། ཆུ་ཚོད་དགུ་པའི་སྐབས་སུ་“བདེ་ཆེན་ཞིང་སྒྲུབ་པདྨའི་དྲྭ་བ།”མགོ་ནས་མཐར་ཆགས་སུ་དལ་བུས་དབྱངས་ཀྱི་རྟ་ལ་བསྐྱོན་ནས་འདོན་ཅིང་བར་མཚམས་སུ་རྣམས་སུ། “བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད།”སོགས་ཆོས་བཤད་དང་། ཞིང་སྦྱོང་སྐོར་གསུམ་གྱི་བསྙེན་དམིགས་སྐབས་སུ། “ཡོངས་དག་རྣམ་པ་བཞིའི།”འགྲེལ་བཤད་དང་སྒོམ་ཁྲིད་སོགས་བྱེད་ཀྱི་ཡོད། ལོ་རེའི་བདེ་ཆེན་ཞིང་སྒྲུབ་སྐབས་སུ་ལོ་མང་རིང་ཉིན་རྒྱབ་དམིགས་བསལ་གྱི་ཆོས་ཁྲིད་རེ་བྱེད་ཀྱི་ཡོད། འདས་པའི་ལོ་འགའ་ཡི་རིང་ཆོས་གྲོགས་འགའ་ཡིས་ཀུན་བཟང་བླ་མའི་ཞལ་ལུང་དཔེ་ཁྲིད་བྱེད་དགོས་པའི་ནན་བསྐུལ་ལྟར་ད་ལོ་ཡང་ཀུན་བཟང་བླ་མའི་ཞལ་ལུང་སྔ་ལོའི་ཆོས་མཚམས་དེ་ནས་ཆོས་བཤད་བྱས་པ་ཡིན། འདིར་ལོར་བདེ་ཆེན་ཞིང་སྒྲུབ་ལ་ཕྱི་རྒྱལ་བའི་ངོས་ཀྱི་དགེ་ཕྲུག་འགའ་ཤས་ཀྱང་ཆེད་བཅར་གནང་འདུག
འདི་ལོའི་བདེ་ཆེན་སྒྲུབ་ཆེན་མོ་ཨ་རིའི་པོར་ལེན་དུ་འཚོགས་ནས་མི་ལོ་བཅུ་བདུན་ཏག་ཏག་ཡིན། ཏོག་དབྱིབས་ནད་ངན་དེའི་རྐྱེན་གྱིས་ལོ་གཉིས་རིང་དྲ་ལམ་དུ་འཚོགས་དགོས་བྱུང་། ནམ་རྒྱུན་འཆར་ཅན་ལྟར་དུ་བདུན་ཕྲག་གཉིས་རིང་ང་ས་གནས་འདིར་འདུག་ནས་བདུན་དང་པོའི་རེས་གཟའ་པ་སངས། སྤེན་པ། ཉི་མ་གསུམ་དང་། བདུན་རྗེས་མ་དེ་བཞིན་ཉིན་གསུམ་རིང་འཚོགས་ནས་མདོར་ན་ཉིན་དྲུག་རིང་བདེ་ཆེན་ཞིང་སྒྲུབ་འཚོགས་ཀྱི་ཡོད། སྤྱིར་རྒྱུད་སྡེ་འོག་མ་རྣམས་སུ་དམར་ཟས་སྤངས་དགོས་ཤིང་ལྷག་པར་དུ་བདེ་ཆེན་ཞིང་སྒྲུབ་སྐབས་སུ་དམར་ཟས་སྤངས་བ་མ་ཟད་དགུང་ལོ་མཐོ་བ་དང་ནད་པ་ཡིན་ན་མ་གཏོགས་དགུང་ཟས་ཀྱང་སྤངས་དགོས། ལར་བོད་པའི་སྤྱི་ཚོགས་ཁྲོད་དུ་ཆོས་བྱེད་ཟེར་དུས་ཁ་ཆོས་དང་ལུས་ཆོས་གཉིས་གཙོ་བོར་བྱེད་ནས་ཁ་འདོན་དང་ཕྱག་སྐོར་སོགས་ལམ་དང་ལུགས་སྲོལ་ཙམ་གྱིས་ཁྲལ་སོད་ཙམ་ལས་སེམས་ཆོས་གཙོ་བོར་བཟུང་ནས་སྒོམ་བྱེད་ཅིང་སེམས་བསྒྱུར་བཅོས་གཏོང་བའི་ཐབས་ལམ་ལ་འབད་མཁན་ཧ་ཅང་ཉུང་།
དེ་ཡང་སྤྱོད་འཇུག་ལས།
“བཟླས་བརྗོད་དང་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་།
།སེམས་གཞན་གཡེངས་བར་བྱས་པ་ཡིས། །དེ་ཉིད་རིག་པས་དོན་མེད་གསུངས།།” ཤེས་གསུངས་སོ། གུས་པ་སོ་སོའི་སྐྱེ་བོ་ཐ་མལ་པ་ཞིག་ལ་གཞན་རྒྱུད་འདུལ་བའི་བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་སོགས་གང་ཡང་མེད་ཀྱང་འདས་པའི་ལོ་བཅུ་བདུན་རིང་བདེ་ཆེན་ཞིང་སྒྲུབ་སྐབས་སུ་འདོན་བྱ་གཅིག་པུ་མ་ཡིན་པར་གང་འདོན་རྒྱུ་དེ་ཉིད་སྒོམ་གྱི་ངོ་བོར་སླེབས་ཐུབ་པའི་ཐབས་ཤེས་གང་དྲག་བྱེད་ཀྱི་ཡོད། དེ་ལྟར་བྱས་པའི་འབྲས་རྟགས་སུ་ལོ་རེ་བཞིན་ཞིང་སྒྲུབ་ཆོས་ཞུ་བ་རྣམས་ལ་སེམས་གཏིང་ནས་ཆོས་ལ་དད་འདུན་ཇེ་ཆེ་དང་། ཟུར་དུ་མང་པོ་ཞིག་ནས་སེམས་ལ་ཕན་ཐོག་ཆེན་པོ་བྱུང་ཚུལ་མིག་ནས་མཆི་མ་འདོན་བཞིན་བཤད་ཡོང་དུས་ང་ཡང་སེམས་ནས་དགའ་བ་ཡོང་གི་འདུག ལར་ནི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འདི་ནི། བྱ་སླ་ལ། ཆོད་ཆེ་བ། ཁ་གསལ་ལ། གོ་བདེ་བ། གཏིང་ཟབ་ཅིང་། སེམས་ལ་ཕན་ཐོག་ཆེ་བ་སོགས་ཁྱད་ཆོས་མང་པོ་དང་ལྡན་པས་དུས་རབས་ཀྱིས་ཆོས་ཟེར་ནའང་འདྲ་ཕྱི་མ་དོན་གཉེར་བྱེད་མཁན་ཞིག་ཡིན་ན་འདི་ལས་ལྷག་པའི་ཉམས་ལེན་ཅིག་མེད་ཐག་ཆོད་རེད་བསམ།
བདུན་དང་པོ་དང་གཉིས་པའི་ཞིང་སྒྲུབ་ཀྱི་བར་གསེང་སྐབས་སུ་ཉིན་རེ་བཞིན་ཆོས་གྲོགས་བོད་པ་རྣམས་ཀྱི་ནང་དུ་མགྲོན་འབོད་ལ་འགྲོ་ནས་ཞིམ་པོའི་བོད་ཟས་བྲོ་བཅུད་ཅན་རྣམས་བཟའ་ཞིང་ཕན་ཚུན་སྐྱིད་སྡུག་གི་སྐད་ཆ་ལ་རོལ། སྐབས་རེ་བོད་ཟས་རྒྱབ་ཏུ་ཁུར་ནས་རི་འཛེགས་དང་གོམས་འགྲོས་སོགས་བྱེད་ཀྱི་ཡོད། མདོར་ན་བདེ་ཆེན་ཞིང་སྒྲུབ་སྐབས་སུ་ཟ་སྐྱིད་ཆོས་གསུམ་ཞེས་པའི་ཐ་སྙད་འདི་དོན་དང་མཐུན་པར་ཡོང་གི་འདུག

མ་ཧཱ་གུ་རུའི་འབུམ་ཚོགས་ལ་བཅར་བ།
འདི་ལོའི་བདེ་ཆེན་ཞིང་སྒྲུབ་དང་མ་ཧཱ་གུ་རུའི་འབུམ་ཚོགས་གཉིས་ཀྱི་བར་ལ་ཉིན་ཤས་ལས་བར་འགྱང་མེད་སྟབས་འབུམ་ཚོགས་གྲ་སྒྲིག་གནང་མཁན་ཆོས་གྲོགས་བདེ་ཆེན་ལགས་ནས་འདི་ལོའི་གུ་རུའི་འབུམ་ཚོགས་ལ་ང་ཡང་འདུག་དགོས་ཞེས་གསུངས་པ་ལྟར་དགའ་བཞིན་དང་ལེན་བྱས་ནས་བསྡད་པ་ཡིན། ལོ་ལྟར་དུ་འབུམ་ཚོགས་ཀྱི་སྦྱིན་བདག་དང་འགན་ཁུར་གནང་མཁན་ས་སྐྱའི་སྤྲུལ་སྐུ་ངག་བློ་རིན་པོ་ཆེ་སྐུ་མཆེད་གཉིས་དང་། གནས་ཆུང་གྲྭ་ཚང་གི་སྤྲུལ་སྐུ་ཞིག་དང་དགེ་འདུན་པ་འགའ་ཤས། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཅས་མདོར་ན་དགེ་འདུན་པ་བཅུ་གཅིག་ཙམ་ཞིག་མཉམ་དུ་ཉིན་གསུམ་རིང་འཚོགས། ནམ་རྒྱུན་བོད་པའི་དགེ་འདུན་པའི་སྤྱི་ཚོགས་ནི་དེང་སང་འཁོར་བའི་སྤྱི་ཚོགས་དང་གཏན་ནས་མི་འདྲ་ཞིང་། ལྷག་པར་དུ་དགེ་འདུན་པ་རྣམས་ནི་ཁ་གསལ་ཞིང་འདྲིས་བདེ་བ། ཆོག་ཤེས་ཆེ་ཞིང་། གཉོམ་ཆུང་བ། སེམས་ལ་སྤྲོ་སྣང་ཆེ་ཞིང་། ཁ་མཚར་དང་རྩེད་མོ་སོགས་ལ་ཧ་ཅང་དགའ་བའི་སྤྱི་ཚོགས་ཤིག་ཡིན་སྟབས་ད་རེས་ས་གནས་མ་འདྲ་བ་ནས་ཕེབས་པའི་དགེ་འདུན་པ་མང་དག་ཞིག་མཉམ་དུ་འཛོམས་ནས་འབུམ་ཚོགས་ཙམ་མ་ཡིན་པར་ཕན་ཚུན་ངོ་ཤེས་དང་འབྲེལ་འདྲིས་བྱུང་བ་ཧ་ཅང་དགའ་བོ་བྱུང་།
མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་ཆོ་ག་ནི་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་མ་རིག་འཛིན་གདུང་སྒྲུབ་ནང་སྒྲུབ་བླ་མ་རིག་འཛིན་འདུས་པའི་ཆོ་ག་རེད་འདུག
མཚར་གཏམ་དང་བཅས་ཞུས་ན། རྙིང་མའི་རིག་འཛིན་འདུས་པའི་གཏེར་མ་ལ་དགེ་ལུགས་པའི་དབུ་མཛད་ཀྱིས་མཛོ་སྐད་ཀྱིས་གདངས་དབྱངས་བྱེད་ཡོང་དུས་འདོན་ན་རྣ་བར་དེ་ཙམ་མི་སྙན་པ་དང་། དེ་བས་ཀྱང་ཆོས་ལུགས་མི་འདྲ་བ་མང་པོ་མཉམ་དུ་འདོན་ཡོང་དུས་སྟབས་མ་བདེ་བ་ཞིག་ཡོང་གི་ཡོད་པ་ད་ལོ་གཞིས་ནས་ཤེས་སོང་། གསར་རྙིང་གི་ཆོ་ག་གང་ཡིན་ཀྱང་དེ་ལ་འབུད་རྡུང་དཀྲོལ་གསུམ། གར་འཆམས་དབྱངས་གསུམ་གང་གི་སྐབས་སུ་ཡིན་ཀྱང་ཕྱག་ལེན་དང་ཁྱད་ཆོས་མ་འདྲ་བ་རེ་ཡོད་པ་ཡིན། ཐ་ན་འདོན་པ་འདོན་པའི་སྐབས་སུ་ཡིན་ནའང་དེའང་འཇུ་མི་ཕམ་གྱི་ཞལ་སློབ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཞལ་ནས།
“རྙིང་མའི་འདོན་པ་སྣ་ནས་འདོན། །ས་སྐྱ་བ་རྣམས་མཆུ་ནས་བསྒྲགས། །དགེ་ལྡན་མགྲིན་པའི་སྒྲ་གདངས་གཙོ། །བཀའ་བརྒྱུད་གྲེ་ཕུག་བསྒྲིམས་ནས་འདོན།”
ཅེས་གསུངས་པ་ལྟར་ཆོས་ལུགས་མ་འདྲ་བ་ལ་འདོན་དབྱངས་མ་འདྲ་བ་རེ་ཡོད་པས་ཕྱག་ལེན་ཀྱང་ཆོས་ལུགས་གང་ཡིན་པ་དེ་ཉིད་ཀྱིས་གནང་ན་མ་གཏོགས་ད་ེམ་ཡིན་པར་ར་མགོ་ལུག་སྦྱར་ཞེས་པའི་དཔེ་རུ་མི་འགྱུར་བའི་ངེས་པ་མེད་སྙམ། མ་གཞི་གང་འདོན་རྒྱུའི་ཆོས་དེ་ཉིད་ཀྱང་འདོན་མཁན་རྣམས་ཀྱིས་རོབ་ཙམ་ཞིག་མ་ཤེས་ན་གསང་སྔགས་བོན་གྱེར་ཟེར་བའི་བརྙས་ཚིག་འདི་ཐོག་ཏུ་མི་འབབས་པའི་ངེས་པ་མེད་པས་རབ་ཏུ་བྱུང་ན་ཆོ་ག་འདི་ཉིད་ཀྱི་ཐོག་ནས་དབང་ལུང་ཁྲིད་གསུམ་ཆ་ཚང་ཐོབ་དགོས་པ་དང་། མ་མཐའ་ཡང་ལུང་ཙམ་ངེས་པར་ཐོབ་དགོས་པར་སྣང་ངོ་། དཔེར་ན་ཚོགས་མཆོད་ཀྱི་སྐབས་སུ་དབུ་མཛད་ཀྱིས་དབུགས་ཐེངས་གཅིག་གིས་ཧ་ཅང་མགྱོགས་པོར་གྲངས་ཀ་གཙོ་བོར་བཟུང་ནས། ཚོགས་མཆོད། བཤགས་པ། བསྒྲལ་བསྟབས། ལྷག་མ། འདི་རྣམས་གྲངས་ཀ་རུ་བགྲང་ནས་གསུང་གི་ཡོད། དབུ་མཛད་ལ་ཐུགས་ཁག་གཏན་ནས་མེད། གང་ཡིན་ཟེར་ན་འདོན་པ་ཁོ་རང་གི་མིང་ལ་གུ་རུའི་འབུམ་ཚོགས་ཞེས་སྦྱར་ཡོང་དུས་དབུ་མཛད་ཀྱི་ལས་འགན་ནི་དུས་ཚོད་ངེས་ཅན་ཞིག་ནང་དུ་ཚོགས་གྲངས་ཀ་འབུམ་ཕྲེང་ཁུག་ཏུ་གསོག་ཐུབ་རྒྱུ་དེ་རེད། གྲངས་ཀ་འབུམ་ལོང་མིན་ལ་རེ་དོགས་མི་བྱེད་པར་གསང་སྔགས་ཀྱི་ཟབ་ཆོས་འདི་འདྲ་ལན་གཅིག་ཉམས་ལེན་རྒྱུའི་གོ་སྐབས་འདི་ལ་དོན་ལ་བསམ་བློ་གཏོང་ནས་དལ་བུས་གྲངས་ཀ་ངེས་མེད་ཅིག་གནང་ན་ལུས་འགྲིག་བསམ།
དཔེར་ན་ཚོགས་མཆོད་ལྟ་བུ་ལ་མཚོན་ན་འབུལ་ཡུལ་རྩ་བ་གསུམ་ལ། འབུལ་རྒྱུ་ཕྱི་ནང་གསང་བ་ཡང་གསང་བླ་མེད་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཅས་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡོད་ཚོད་སྣང་བ་ནི་གཤམས་ཀྱི་གུ་རུའི་རྡོ་རྗེའི་གསུང་འདི་རྣམས་ཡིན།
“ཧཱུཾཿ ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ༔ ཡེ་ཤེས་ལྔ་ཡི་ཚོགས་མཆོད་འབུལ༔ སྤྲུལ་སྐུ་འགྲོ་དོན་མཛད་པ་ཡི༔ རིག་འཛིན་བླ་མའི་ཚོགས་རྣམས་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ མ་མོ་མཁའ་འགྲོ་ཐམས་ཅད་ལ༔ བདེ་བ་ཆེན་པོའི་མཆོད་པ་འབུལ༔ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ལ༔ ཚོགས་མཆོད་གཏོར་མའི་མཆོད་པ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་མཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཀེང་ནི་རི་ཏི་ཁཱ་ཧི༔”
།ཅེས་དང་། དེ་ལས་གནད་འགག་ཆེ་ཤོས་ནི་བསྒྲལ་བསྟབས་འདི་ཉིད་ཡིན།
“ཧཱུཾཿ ཤ་ནི་གཏི་མུག་ཆེན་པོ་སྟེཿ བསྒྲལ་བས་རིག་པའི་ཡེ་ཤེས་འཆརཿ ཁྲག་ནི་འདོད་ཆགས་རང་བཞིན་ཏེཿ བསྒྲལ་བས་བདེ་བའི་མཆོད་པར་འགྱུརཿ རུས་པ་ཞེ་སྡང་རང་བཞིན་ཏེཿ བསྒྲལ་བས་ཡེ་ཤེས་རང་ལ་གསལཿ དུག་གསུམ་བསྒྲལ་བའི་མཆོད་པ་འདིཿ བླ་མ་ཡི་དམ་མཁའ་འགྲོ་དང་ཿ དམ་ཅན་སྲུང་མའི་ཞལ་དུ་གདབཿ མཧཱ་མཾ་ས་ཁཱ་ཧིཿམཧཱ་རཀྟ་ཁཱ་ཧིཿ མཧཱ་ཀེང་ནི་རི་ཏི་ཁཱ་ཧིཿ”
ཞེས་གུ་རུ་རིན་པོ་ཆེའི་བསླུ་མེད་རྡོ་རྗེའི་གསང་ཚིག་འདི་ལ་ཕྱི་ནང་གསང་གསུམ་ཡང་གསང་དང་བཅས་པ་ལ་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད་པས་འདི་ནི་འདོན་བྱ་དང་གྲངས་ཀ་གསོག་བྱ་གཅིག་པུ་ཙམ་མ་ཡིན་པར་དོན་ཉིད་སེམས་སེམས་ཐོག་ཏུ་བླངས་ནས་སྒོམ་བྱ་ཞིག་ཏུ་ཡིན་པས་སླད་ཕྱིན་ཆད་འདིའི་སྐོར་ལ་མི་མང་ལ་འགྲེལ་བཤད་དང་གསུང་ཆོས་རེ་གནང་མཁན་བྱུང་ན་གནས་སྐབས་གྲངས་ཀའི་མ་ཧཱ་གུ་རུའི་འབུམ་ཚོགས་ཙམ་མ་ཡིན་པར་མཐར་ཐུག་དོན་གྱི་མ་ཧཱ་གུ་རུའི་འབུམ་ཚོགས་སུ་འགྲོ་བར་སྙམ་མོ། དེ་ནི་གུས་པས་ལྷག་བསམ་རྣམ་དག་གིས་བསམ་ཚུལ་ཙམ་ལས་ཆོས་ལུགས་གང་དང་དགེ་འདུན་པ་སུ་ལའང་མ་གུས་པའི་སྒོ་ནས་འཕྱ་སྨོད་དང་ངས་སྨྲས་མིན་པར་ནི་མཁྱེན་དགོས་སོ།
འདས་པའི་མི་ལོ་བཞི་བརྒྱ་དང་ལྔ་བརྒྱའི་ནང་ལ་བོད་ཀྱི་ལོ་རྒྱུས་ཁྲོད་ཕྱི་མིག་ཅིག་བལྟས་ནས་ད་ལྟའི་གནས་སྟངས་གཉིས་བསྡུར་ནས་སྐད་ཆ་དྲང་པོ་བཤད་ན་མིའི་བསམ་བློ་དང་། ཆོས་ལུགས། དཔལ་འབྱོར་སོགས་གང་ནས་དཔྱད་ཀྱང་ད་ལྟ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་རེད། མ་ཟད་བོད་ས་དགྲ་ལག་ཏུ་ཤོར་ནས་སྐྱབས་བཅོལ་ལ་གྱར་ནས་བཟུང་སྟེ་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐུགས་རྗེའི་སྐུ་དྲིན་ཉག་གཅིག་ཁོ་ན་ལ་བསྟེན་ནས་ཆོས་ལུགས་རིས་མེད་ཐོག་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད། དཔེར་ན་དེ་རིང་གི་རིག་འཛིན་འབུམ་ཚོགས་ཆེན་མོ་འདི་ལྟ་བུ་ལ་མཚོན་ན། རྙིང་མའི་ཆོས་ལུགས་གཏེར་མ་ཞིག་ས་སྐྱའི་ཆོས་ཚོགས་ནས་སྦྱིན་བདག་གནང་ཞིང་རི་བོ་དགེ་ལུགས་པའི་གནས་ཆུང་གྲྭ་ཚང་དང་རྣམ་རྒྱལ་གྲྭ་ཚང་གཉིས་ནས་རྡོ་རྗེ་སློབ་དཔོན་དང་དབུ་མཛད་གནང་ཞིང་བཀའ་བརྒྱུད་པས་ཟུར་རྒྱན་ནས་མཉམ་འཚོགས་བྱེད་རྒྱུ་ཡོད་པ་འདི་ལ་བསམ་ན་ཤིན་ཏུ་ནས་དགའ་འོས་པ་ཞིག་རེད་འདུག
ངོས་ཀྱི་དྲིན་ཅན་རྩ་བའི་བླ་མ་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་ཁོ་ན་བསྟེན་ནས་གསར་རྙིང་གི་རྒྱུད་སྡེ་གང་གི་གདན་གྲལ་དུ་འདུག་དགོས་ཀྱང་འདོན་སྒོམ་ཆོ་གའི་ཕྱག་ལེན་སོགས་ལ་དཔའ་ཞུམ་མི་དགོས་ཙམ་ཞིག་ཡོད་པས་ད་རེས་ཀྱང་རིག་འཛིན་གདུང་སྒྲུབ་ཀྱི་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་གྲལ་མཐར་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་སྐལ་པ་བཟང་པོ་བྱུང་།
ཐེག་པའི་མཐར་ཐུག་རྫོགས་པ་རང་བྱུང་གི་རྒྱུད་ལས།
“ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་ནི། །ཚེ་རབས་སྔ་ཕྱི་དཔག་མེད་སྒྲིབ་པ་རྣམས།
།ཞི་ཁྲོའི་སྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང༌། །ཚེ་རབས་ཕྱི་མ་གནས་ནི་གར་སྐྱེས་ཀྱང༌།
།ཡོ་བྱད་ཆུང་བ་དག་ཏུ་མི་འགྱུར་ཞིང༌། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྒྱུར་བར་འགྱུར།
།རིན་ཆེན་ནོར་དང་འབྲུ་ལ་ལོངས་སྤྱོད་ཅིང༌། །རྫས་དང་ཡོ་བྱད་ལྡན་པའི་སྐྱེས་བུར་འགྱུར།”
ཅེས་སོགས་ཚོགས་འཁོར་གྱི་ཕན་ཡོན་མཐའ་ཡས་པར་གསུངས་པས་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར་ཉིན་རྒྱབ་གསོལ་ཚིག་བར་གསེང་སྐབས་སུ་དགེ་འདུན་པ་རྣམས་དང་ཕན་ཚུན་ངོ་ཤེས་དང་བཀའ་མོལ་སོགས་བྱེད་རྒྱུའི་གོ་སྐབས་བྱུང་མདོར་ན་ད་རེས་ཀྱི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འདིའི་སྐབས་སུ་ཤིན་ཏུ་ནས་དགའ་འོས་པར་གྱུར་ཏོ།
སྟབས་མ་ལེགས་འགའ་ཞིག་ལ་ཡུན་རིང་ངོས་ཀྱི་ཆོས་གྲོགས་དང་མ་ཟད་ང་ལ་བློ་གཏད་ཡིད་ཆེས་བྱེད་མཁན་ཨ་མ་སྐལ་ལྡན་ལགས་མ་ཧཱ་གུ་རུའི་འབུམ་ཚོགས་ཉིན་ཐ་མའི་སྐབས་སུ་དགུང་ལོ་དགུ་བཅུ་གོ་ལྔའི་ཐོག་ནས་འདས་གྲོངས་སུ་ཕྱིན་པ་དེ་ནི་བསམ་བློ་ཞིབ་ཏུ་གཏང་ན་སྔ་ཕྱི་མ་གཏོགས་ཚང་མ་འཆི་དགོས་ཀྱང་འཆི་ལུགས་བཟང་ངན་ནི་ཤིན་ཏུ་ནས་ཀྱང་གལ་ཆེ།
ཕ་དམ་པ་སངས་རྒྱས་ཀྱི་ཞལ་ནས།
“འཆི་བ་འཆི་བ་མ་ཡིན་ཏེ། །རྣལ་འབྱོར་སངས་ཆུང་རྒྱས་པ་ཡིན།”
ཅེས་གསུངས་པ་ལྟར་དེ་རེས་ཨ་མ་སྐལ་ལྡན་ལགས་ནི་དགུང་ལོའི་བབས་དང་དུས་ཚོད་སོགས་གང་ལ་བལྟས་ཀྱང་ཨ་མ་བཞུགས་པའི་རིང་མི་ཚེ་དོན་ལྡན་དང་ཚེ་ཆོས་སྒྲུབ་པ་མཐའ་རུ་ཕྱིན་པ་མ་ཟད་ད་རེས་དགེ་འདུན་པ་མང་པོ་ཞིག་གནས་འདིར་ཕེབས་པ་ནི་རྒྱ་ལམ་རེས་འགའ་ཙམ་ཡིན་པས་ང་ཡང་ས་གནས་འདིར་ཡོད་པའི་སྐབས་སུ་འདས་གྲོངས་སུ་གྱུར་པ་ནི་དེ་ནི་ནམ་ཚིག་ཆགས་ཉམས་མ་བྱུང་ནས་མི་ཚེ་བློ་ཕུགས་ཆོས་ལ་གཏད་པའི་གྲུབ་རྟགས་ངོ་མ་དེ་རེད་བསམ། ཕྱི་ཉིན་ཞོགས་པ་ཨ་མ་སྐལ་ལྡན་གྱི་ཕུང་པོའི་དྲུང་དུ་སོང་ནས་འཕོ་བ་དང་བསྔོ་སྨོན་སོགས་གང་དྲག་བྱས་པ་ཡིན།
སྤྱིར་བཏང་བྱས་ན་པོར་ལེན་བོད་རིགས་འདི་རྣམས་ལ་མི་དགོས་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་ཅིང་། དགོས་པའི་ཆོས་ལུགས་རིས་མེད་ལ་དད་པ་དག་སྣང་བྱེད་མཁན་དེང་སང་རྙེད་པར་དཀའ་བའི་བོད་རིགས་སྤྱི་ཚོགས་ཤིག་ཀྱང་ཡིན།


ད་ལོ་ཞིང་སྒྲུབ་དང་འབུམ་ཚོགས་བར་གསེང་སྐབས་སུ་ཆོས་གྲོགས་ཚེ་རིང་ཆོས་འཕེལ་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་ནང་དུ་ལྷོད་དལ་ངང་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། ཉིན་གཅིག་ཚེ་རིང་ཆོས་འཕེལ་ངེད་གཉིས་རྒྱབ་ཏུ་གྲོ་ཟས་ཁུར་ནས་ཐག་ཉེར་ཡོད་པའི་རི་བྲག་འདྲེས་མའི་རྐང་ལམ་བརྒྱུད་ནས་རི་འཛེགས་བྱས་པས་སྔར་མ་མཐོང་བའི་དངས་གཙང་གི་མཚོ་མོ་དང་། མཛེས་ཤིང་ལྟ་ན་སྡུག་པའི་རི་བྲག་དང་ལྗོན་ཤིང་མེ་ཏོག་སོགས་འདྲེན་བྱེད་ཀྱི་ཡུལ་དུ་ལྟད་མོར་གྱུར་པས་ཧ་ཅང་དགའ་བོ་བྱུང་། ཉིན་ཐ་མའི་བདེ་ཆེན་ཞིང་སྒྲུབ་སྐབས་སུ་སངས་རྒྱས་འོད་དཔག་མེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བཀའ་དྲིན་གཏང་གིས་ཚོགས་མཆོད་འབུལ་བ་དང་། ཆོས་གྲོགས་རྣམས་ནས་ཚོགས་གླུ་འཐེན་པ། མཇུག་ཏུ་མར་མེ་སྨོན་ལམ་དང་བདེན་ཚིག་སྨོན་ལམ་སོགས་གདངས་དབྱངས་ཀྱི་རྟ་ལ་སྐྱོན་ནས་འདོན་ཡོང་དུས་སེམས་ལ་སྐྱོ་སྣང་འདྲེས་མས་ཁེངས། མཇུག་ཏུ་གུས་པར་བོད་ཀྱི་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་ཐུགས་རྗེའི་ལེགས་འབུལ་ཁ་བཏགས་བསྟོབས་པ་སོགས་གནང་བས་ངས་ཀྱང་སེམས་གཏིང་ནས་དམ་གཙང་གི་ཆོས་གྲོགས་འདི་རྣམས་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་དམ་པའི་ཆོས་ལ་ལོངས་མཉམ་དུ་སྤྱོད་ཅིང་བློ་ཆོས་སུ་འགྲོ་བའི་སྨོན་ལམ་དང་གསོལ་འདེབས་སོགས་ཤུགས་དྲག་བྱས།
སྤྱི་ཟླ་དགུའི་སྤྱི་ཚེས་གསུམ་ཉིན་ཞོགས་པ་ཆོས་གྲོགས་ཚེ་རིང་ཆོས་འཕེལ་བཟའ་མི་གཉིས་ནས་གནམ་ཐང་ལ་བསྐྱེལ་མ་གནང་བས་ཆུ་ཚོད་གཅིག་དང་སྐར་མ་བཅོ་ལྔ་ལས་མེད་པའི་མཁའ་ལམ་ཐུང་ཐུང་དེ་མིག་འཕྲུལ་བཞིན་དུ་རང་གནས་མཛེས་སྡུག་ལྡན་པའི་ཁ་ལི་ཧྥོ་ཉ་ལ་མོན་ཊེའུ་རེའི་གནམ་ཐང་ལ་བདེ་འབྱོར་བྱུང་། གནམ་ཐང་ནས་ཆོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཆོས་མིང་དུ་རིན་ཆེན་ཆོས་སྒྲོན་ནམ་hadei དང་། ཆོས་མིང་དུ་ཨ་མ་ཀུན་བཟང་དབང་མོའམ་susan schek གཉིས་ནས་ལག་ཏུ་མེ་ཏོག་དང་ཁ་བཏག་བཟུང་སྒུག་འདུག དེ་ནས་ངེད་གསུམ་ཆོས་ཚོགས་སུ་ཡོང་དུས་ཆོས་ཚོགས་ཀྱི་སྒོ་འགྲམ་ནས་མི་བཅུ་གྲངས་ཤིག་གིས་ལག་ཏུ་ཁ་བཏགས་བཟུང་ནས་སྒུག་འདུག་པས་བླ་སློབ་ཕན་ཚུན་དངོས་སུ་འཕྲད་དུས་སེམས་ལ་དགའ་ལྷང་ལྷང་བྱུང་།

ད་རེས་ཨ་རིའི་པོར་ལེན་བདེ་ཆེན་ཞིང་སྒྲུབ་ཐེངས་མ་བཅུ་བདུན་པའི་འགྲུལ་བཞུད་ཀྱི་ཉིན་ཐོ་དེ་ཙམ་ཡིན་བཀྲ་ཤིས་བདེ་ལེགས།