སྤྱིར་འཛམ་བུའི་གླིང་མི་རིགས་མི་འདྲ་བའི་དབང་གིས་ཆོས་ལུགས་ཀྱང་ཧ་ཅང་མང་པོ་ཞིག་དར་ཡོད། ཆོས་ལུགས་འགའ་ཤས་ནི་ལོ་སུམ་སྟོང་ཡར་ལྷག་ནས་དར་བའི་ཆོས་ལུགས་ཡོད་ཅིང་འགའ་ཤས་ནི་ལོ་བརྒྱ་ཕྲག་ལས་མ་ཕྱིན་པའང་ཡོད། ནང་པའི་ཆོས་ནི་འཇིག་རྟེན་འདིའི་དབང་དུ་བྱས་ན་ལོ་ཉིས་སྟོང་ལྔ་བརྒྱ་ཡར་ལྷག་ཕྱིན་ཡོད།
ཆོས་ལུགས་དེ་རྣམས་ཀྱི་རྒྱུད་རིམ་གྱི་ཁྲོད་ནས་འགྲོ་བ་སེམས་ཅན་མང་པོ་ལ་སོ་སོའི་ཡིད་ཆེས་དང་བློ་གཏད་འགེལ་སའི་སྐྱབས་གནས་ཞིག་རྙེད་ནས་མི་མང་ས་ཡ་མང་པོར་གནས་སྐབས་དང་མཐར་ཐུག་ལ་ཕན་ཐོག་ཆེན་པོ་ཞིག་བྱུང་ཡོད། ཡང་ཆོས་ལུགས་འགའ་ཤས་ཀྱིས་ཆོས་ལུགས་ཕན་ཚུན་བར་ལ་རྙོག་དྲ་དང་། འཐེན་ཁྱེར། འཁྲུགས་རྩོད་སོགས་ཀྱི་དབང་གིས་མི་མང་པོར་བརྡབ་གསིག་བྱུང་བ་དང་། ད་ལྟ་ཡང་འབྱུང་བཞིན་པ་རེད། ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ནི་ཆོས་ལུགས་གཞན་དང་བསྡུར་ན་ལོ་རྒྱུས་ཀྱི་བྱུང་རིམ་ཐོག་ནས་ཆེས་སྔ་ཤོས་དེ་མིན་ཀྱང་། ལྟ་གྲུབ་ཀྱི་ཐོག་ནས་གླེང་ན་འཛམ་བུ་གླིང་གི་ཆོས་ལུགས་ནང་ནས་ཆེས་གཏིང་ཟབ་ཤོས་ཡིན་ཅེས་བཤད་ཀྱང་མི་ཆོག་པ་མེད་སྙམ། དེང་སང་ནུབ་ཕྱོགས་ལ་བོད་ཆོས་གསང་སྔགས་ཀྱི་བསྟན་པ་འདི་ལ་ཉིན་རེ་བཞིན་དགའ་མོས་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པ་འདི་ལ་རྒྱུ་མཚན་འགའ་ཤས་ཞིག་ཡོད་སྙམ།
རྒྱུ་མཚན་དང་པོ་ནི།
ནང་པའི་ཆོས་འདི་འཕགས་ཡུལ་ན་ལེནྜ་ནས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་གསུམ་གྱིས་ལུང་རིག་དྲི་མ་མེད་པས་གཏན་ལ་ཕབས་པའི་ཆོས་ཚུལ་ཞིག་ཡིན་སྟབས་དེང་སང་ནུབ་ཕྱོགས་པའི་ཆོས་ལུགས་མང་པོ་ཞིག་ཤིན་ཏུ་སྐྲག་དགོས་ས་ཚན་རིག་པ་རྣམས་དང་མཉམ་དུ་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་གཙོས་བོད་ཀྱི་མཁས་དབང་བླ་སྤྲུལ་མང་པོའི་བགྲོ་གླེང་དང་མཚུངས་བསྡུར་བྱས་ནས་དེང་སང་ནུབ་ཕྱོགས་པའི་ཀླད་རྩའི་ཚན་རིག་པའི་མཁས་དབང་མང་པོ་ཞིག་ལ་ནང་ཆོས་ཀྱི་སེམས་ཁམས་རིག་པའི་ཐོག་ནས་བསམ་བློ་གཉིས་པ་ཞིག་མི་གཏོང་ཀ་མེད་དུ་གྱུར་ནས་ནུབ་ཕྱོགས་པའི་མི་མང་པོ་ཞིག་དེའི་སྟབས་ཀྱིས་ཡིད་དབང་འཕྲོག་པ་རེད་སྙམ།

རྒྱུ་མཚན་གཉིས་པ་ནི།
ལོ་རབས་དྲུག་བཅུ་པའི་ནང་སྐོར་བོད་ཀྱི་བླ་ཆེན་ཁག་ཕྱི་རྒྱལ་དུ་ཕེབས་ནས་ཆོས་ཚོགས་གསར་འཛུགས་དང་། ལྷག་པར་དུ་དུས་རབས་ཀྱི་སྟོན་པ་གཉིས་པ་ལྟ་བུ་འཛམ་གླིང་ཞི་བདེའི་དེད་དཔོན་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་མཛད་པ་དང་ཕྲིན་ལས་ཀྱི་འོག་ནས་འཛམ་གླིང་དུ་ཆེས་སྐད་གྲགས་ཅན་གྱི་མཁས་དབང་དང་། ལྷག་པར་དུ་ཚན་རིག་པ་རྣམས་དང་མཉམ་དུ་འདས་པའི་ལོ་མང་རིང་ཆེད་དུ་༼སེམས་དང་སྲོག་གི་བགྲོ་གླེང་།༽ཞེས་པ་གསར་འཛུག་གནང་ནས་ལོ་ལྟར་བཞིན་བགྲོ་གླེང་གནང་ནས་རྒྱལ་ཁའི་འབྲས་རྟགས་ཤིག་རེད་སྙམ།
རྒྱུ་མཚན་གསུམ་པ་ནི།
ནང་པའི་ཆོས་གཞུང་ནང་དུ་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་གཞན་ལ་འཚེ་བ་མེད་པ། ཞེས་པའི་ཚིག་དུམ་འདི་རྣམས་ས་ཁྱབ་རྡོ་ཁྱབ་ཏུ་སོང་ནས་ནང་པའི་སྤྱི་ཚོགས་དང་ནང་པའི་རྒྱལ་ཁབ་རྣམས་སུ་ཆོས་ལུགས་གཞན་དང་བསྡུར་ན་འཚེ་བ་མེད་པ་ཉུང་ཤོས་ཡིན་པ་དང་། ནང་པ་བ་རང་ཉིད་ཀྱང་ཆོས་ལུགས་གཞན་ལ་བསྡུར་ན་གཉོམ་ཆུང་ཤོས་ཡིན་ཞེས་ཟེར་ཀྱང་མི་འགྲིག་པ་མེད་སྙམ། དེང་སང་ཆོས་ལུགས་གཞན་གྱི་འཁྲུགས་རྩོད་ཀྱི་ཉེར་ལེན་ལ་བརྟེན་ནས་མི་མང་པོ་ཞིག་ནས་ཆོས་ལུགས་ལ་གཞན་རྣམས་ལ་སྐྱུག་མེར་ལང་བཞིན་པའི་སྐབས་སུ་ཟུར་ནས་མི་མང་པོ་ཞིག་ནས་ནང་པ་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད་བསམ།
རྒྱུ་མཚན་བཞི་པ།
བོད་ཀྱི་ནང་ཆོས་འདི་གསང་སྔགས་ཀྱི་ཆོས་ལུགས་ཞིག་ཡིན་སྟབས་བཀའ་གཏེར་དག་གསུམ་གྱི་ཟབ་ཆོས་འདི་རྣམས་དེང་སང་ནུབ་ཕྱོགས་པའི་སེམས་ཁམས་དང་ཧ་ཅང་མཐུན་པ་མ་ཟད་བོད་ཆོས་འདི་ལ་གང་ལ་དགོས་སར་འབྱར་རྒྱུ་དང་། གང་ནས་ཆད་སར་བླན་རྒྱུ་ཡོད་པ་འགྱིག་བྱེ་རེ་ལྟ་བུ་ནར་ནར་ཇི་ཙམ་འཐེན་ཀྱང་ནར་རྒྱུ་ཡོད་པ་ཞིག་ཡིན། དཔེར་ན་ཁོར་ཡུག་སྲུང་སྐྱོབ་འབྲེལ་བ་ཡོད་པའི་རི་ཁྲུས་དང་གཏེར་བུམ་སྦས་པ། ཀླུ་གཏོར་དང་བསང་མཆོད་འབུལ་བ། ནད་གདོན་དང་བར་ཆད་སོགས་ཀྱི་གཉེན་པོ་གཅོད་དང་ཕྲིན་བཅོལ་ཞབས་བརྟན་སོགས་ཀྱི་རིགས་དང་། དཔལ་འབྱོར་དང་ལོངས་སྤྱོད་འཕེལ་ཕྱིར་གཡང་སྒྲུབ་དང་། གཡང་གཏེར་སོགས་མདོར་ན་ལས་བཞིའི་ཕྲིན་ལས་རྣམས་གང་འདོད་འདོད་དུ་བཀོལ་ཆོག་ཆོག་ཡོད་ཅིང་ལྷག་པར་དུ་ནང་སེམས་འདུལ་བྱེད་ཀྱི་གཉེན་པོ་རུ་བློ་སྦྱོང་དང་གཏོང་ལེན་སོགས་དང་། ལྟ་བའི་སྐོར་ནས་དེང་སང་ཀུན་གྱིས་ཆེས་དགའ་མོས་བྱེད་ས་རྫོགས་ཆེན་དང་། ཕྱག་ཆེན་སོགས་ཉམས་བྱེད་ཐུབ་མིན་ལ་མ་ལྟོས་པར་མིང་སུས་སུ་རྫིགས་རེ་ཡོད་པས་ཡིན་ནམ་སྙམ་དེ་རྣམས་ཉིན་ཐོ་འདིའི་བརྗོད་བྱ་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་གནས་ཚུལ་གསལ་བཤད་མདོར་བསྡུས་ཙམ་ཡིན།


ཉིན་ཐོའི་བརྗོད་བྱ་དངོས་ནི། ཁ་སང་གུས་པས་ཡེ་ཤུའི་ལྷ་ཁང་ནང་དུ་ཆོས་བཤད་བྱས་པའི་སྐོར་ཡིན། ང་ས་གནས་འདིར་ཉིས་སྟོང་བརྒྱད་ལོར་ཕྱིན་ཅིང་སྐབས་དེ་དུས་ས་གནས་འདིར་གནས་བསྡོད་བྱེད་མཁན་ཨ་མ་ཞིག་ནས་གོ་སྒྲིག་འོག་ཁ་སང་གི་ཡེ་ཤུའི་ལྷ་ཁང་འདིའི་ནང་དུ་ཆོས་བཤད་བྱས། དེ་ནས་བཟུང་སྟེ་ཡེ་ཤུའི་ལྷ་ཁང་འདི་ང་གཉིས་བར་གྱི་འབྲེལ་བ་བྱུང་། སྤྱི་ཟླ་༡༡་པའི་སྤྱི་ཚེས་༢༨ ཉིན་ཞོགས་པ་ཆུ་ཚོད་༡༠པའི་སྐབས་སུ་བརྗོད་བྱ། ༼ནོར་གྱི་མཆོག་ནི་ཆོག་ཤེས་ཡིན།༽ཅེས་པའི་བརྗོད་བྱ་འདི་ཉིད་ཀྱི་ཐོག་ནས་ཆོས་བཤད་སྐར་མ་བཞི་བཅུའི་རིང་བྱས། ཆོས་བཤད་གྲུབ་མཚམས་གུས་པའི་ཡུན་འདྲིས་ཀྱི་གྲོགས་པོ་མཛུབ་མནོན་སྒྲ་སྙན་པ་Michael Martinez དང། ་སྐད་བསྒྱུར་བྱམས་པ་མཐར་ཕྱིན་ནས་གླིང་བུ་གཏང་ཞིང་ངེད་གསུམ་ནས་རྒྱལ་དབང་ཀརྨ་པ་བཅུ་བདུན་པས་མཛད་པའི་༼མཆོག་གསུམ་བདེན་བསྐུལ་སྨོན་ཚིག།༽ཉིད་གདངས་དབྱངས་སུ་གྱེར་ནས་དེ་རིང་གི་ཆོས་བཤད་དེ་མཇུག་ཡོངས་སུ་གྲུབ་པར་བྱས། དེ་རིང་ཆོས་ཉན་མཁན་མི་གྲངས་དགུ་བཅུ་གོ་གཉིས་ཡོད་སྐད་འདུག ཆོས་བཤད་གྲུབ་མཚམས་ཟུར་བཅར་བ་རྣམས་ལ་འཚམས་འདྲི་དང་ཁ་བརྡ་བྱས་ནས་སྤྱི་སྒེར་སོ་སོའི་འདོད་བློ་ཡོངས་སུ་བཀང་། ཟུར་ནས་ལྷ་ཁང་འདིའི་གཙོ་འཛིན་བུད་མེད་ཞིག་འདུག་པ་དེ་ལ་ངས་བཀའ་དྲིན་ཆེ་ཞེས་ཟེར་དུས་མོ་རང་ནས་ང་ཡི་ལག་པར་དམ་དུ་བཟུང་ནས་གདོང་པར་བལྟ་བཞིན་འདི་ལྟར་ཟེར།

༼རིན་པོ་ཆེ། ང་ཚོ་ཚང་མས་ཁྱོད་རང་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་། དེ་རིང་གི་ཆོས་བཤད་དེའི་མི་མང་པོའི་སེམས་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་རེད། ངས་ཐག་བཅད་ནས་བཤད་ཐུབ། གང་ལྟར་ཁྱོད་རང་ས་གནས་འདིའི་མི་མང་ལ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ཁྱོད་རང་གིས་ས་གནས་འདིར་ཆོས་དང་མ་ཟད་ཁོར་ཡུག་སྲུང་སྐྱོབས། ནད་པར་ཐུག་ཕྲད། རྒན་གསོ་ཁང་གི་རྒན་གོག་རྣམས་ལ་བསླབ་བྱ་སོགས་ཧ་ཅང་ཡག་པོ་གནང་ཡོད་རེད། སྤྱིར་གཏང་ས་གནས་འདིར་ཡེ་ཤུའི་ཆོས་ཁང་དང་བརྒྱ་ལྷག་དང་། ཆོས་ལུགས་གཞན་པའི་ཆོས་ཚོགས་སོགས་ཡོད་རེད་དེ་ཁྱོད་རང་ནང་བཞིན་ས་གནས་འདིར་ཕན་ཐོག་ཅན་ཞིག་བྱུང་ཡོད་མ་རེད། ཁྱོད་རང་ས་གནས་འདིར་ཕེབས་ནས་ཡུན་རིང་པོ་མ་རེད་དེ་ལས་ཀ་ཧ་ཅང་ཡག་པོ་གནང་གི་ཡོད་རེད། ང་ཚོའི་ལུང་པ་འདི་ལ་མི་ཁྱོད་རང་འདྲ་བོ་ཧ་ཅང་མང་པོ་དགོས་ཀྱི་འདུག། སྲིད་གཞུང་གི་གཙོ་འཛིན་འགའ་ཤས་ཀྱིས་སྤོབས་པ་མཐོན་པོའི་སྒོ་ནས་༼ངས་ཨ་མི་རི་ཁའི་མི་མང་རྣམས་ཡང་དག་པའི་ལམ་དུ་འཁྲིད་ཀྱི་ཡིན།༽ཟེར་ནས་བཤད་ཀྱི་ཡོད་རེད་དེ་ཁོང་ཚོའི་ཁ་ཙམ་རེད། དོན་ངོ་མ་ཁྱོད་རང་འདྲ་བོ་མི་མང་པོ་ཞིག་བྱུང་ན་ཨ་མི་རི་ཁའི་མི་མང་རྣམས་ཡང་དག་པའི་ལམ་དུ་འཁྲིད་ཐུབ་ཀྱི་རེད། ངས་ཧ་གོ་གི་ཡོད། གང་ལྟར་ཡང་སྐྱར་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། མ་འོངས་པར་སྐུ་མཁྱེན་ཡང་སྐྱར་ང་ཚོའི་ཚོགས་ཁང་ནང་ལ་ཕེབས་གནང་རོགས།༽

ཞེས་བུད་མེད་དེའི་སེམས་ཚོར་ཆེན་པོ་ཐོག་ནས་དེ་ལྟར་ཟེར།

ཁོང་ཚོའི་ང་ལ་ལྟ་ཚུལ་དེ་ལྟ་བུ་ཞིག་ཡིན་ཀྱང་ངས་ཁོང་ཚོའི་ལྟ་ཚུལ་དེ་དང་མཐུན་པའི་བསམ་ཚུལ་འགའ་ཤས་བཤད་འདོད་བྱུང་། སྤྱིར་ཆོས་ལུགས་ཀྱིས་ཤན་ཞུགས་པའི་མི་སྣ་རྣམས་ནི་སོ་སོའི་ཆོས་ལུགས་དང་ལྟ་སྒོམ་སོགས་ཡང་དག་ཡིན་མིན་ལ་མ་ལྟོས་པར་རང་གི་ཆོས་ལུགས་དང་། གྲུབ་མཐའ་ལྟ་སྒོམ་སོགས་ཀྱིས་བསླད་ནས་ཕལ་མོ་ཆེ་ནི་རང་ལྟ་མཆོག་འཛིན་གྱིས་བློ་ཡི་རྗེས་སུ་འབྲངས་ཀྱི་ཡོད། དཔེར་ན། དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་མང་པོའི་ནང་དུ་ལོ་མང་རིང་ཆོས་ཀྱི་རྙོག་འཛིང་གིས་རྒྱལ་ཁབ་དེ་ཉིད་ཀྱི་ཉམ་ཆུང་མི་མང་རྣམས་ཅི་བྱེད་འདི་བྱེད་མེད་པར་སྡུག་བསྔལ་གྱི་གནས་སུ་ལྷུང་ཡོད། ལྷག་པར་དུ་ཡེ་ཤུའི་ཆོས་ལུགས་འདི་རྣམས་ནི་སྤྱི་ལོའམ་ཡེ་ལོ་ཞེས་ད་ལྟ་འཛམ་གླིང་རྒྱལ་གཅེས་ཡོངས་རྫོགས་ལོ་ཚིག་འདིར་རྗེས་འདེད་བྱེད་ནས་འགྲོ་བཞིན་པ་འདི་ཙམ་སོང་ཡོད། གང་ལྟར་མི་ལོ་༢༠༢༢་ཙམ་ཕྱིན་ཡོད། ང་སྔོན་ཆད་རྒྱ་གར་བལ་ཡུལ་ཕྱོགས་སུ་ཡོད་པའི་སྐབས་སུ་དགེ་འདུན་ཆོས་འཕེལ་གྱིས་ནུབ་ཕྱོགས་པའི་མི་ལ་ཕྱོགས་བསྡོམ་ཞིག་རྒྱབ་ཡོད་པའི་ཚིགས་བཅད།
གཞན་ཕན་སྙིང་རྗེ་སྣུམ་དང་བྲལ་ན་ཡང་།། རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས།།
དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།། སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་མཛོད།།
འདི་མཐོང་བ་དང་མཉམ་དུ་སྐབས་དེ་དུས་ནུབ་ཕྱོགས་པའི་མི་ལ་རང་བཞིན་གྱིས་དོགས་པ་ཇེ་ཆེར་གྱུར་སོང་། ཡིན་ནའང་༢༠༠༨ ལོར་ཨ་རིར་འབྱོར་ནས་བཟུང་སྟེ་ས་གནས་འདིའི་མི་རིགས་རྣམས་དང་འབྲེལ་འདྲིས་ཆེན་པོ་བྱུང་བ་མ་ཟད། མི་རིགས་འདི་རྣམས་སློབ་མར་གྱུར། སྤྱིར་གཏང་བོད་རིགས་ཀྱི་བླ་མ་རྣམས་ཀྱི་ཆོས་ཚོགས་ཀྱི་སློབ་མ་ཕལ་མོ་ཆེ་རྒྱ་རིགས་གཙོས་ཤར་ཕྱོགས་པ་ཡིན་ཀྱང་ང་ཡི་ཆོས་ཚོགས་ནང་དུ་བརྒྱ་ཆ་དགུ་བཅུ་གོ་ལྔ་ཨ་རིའི་མི་རིགས་དཀར་པོ་ཤ་སྟགས་ཡིན། ཁོང་ཚོའི་མཉམ་དུ་ས་གནས་འདིར་ཆོས་ཚོགས་ཞིག་ཀྱང་གསར་འཛུགས་བྱས་ཤིང་ལས་ཀ་མཉམ་ལས་བྱས་པའི་རྒྱུད་རིམ་ནས་གོང་གི་དགེ་ཆོས་ཀྱིས་གསུངས་པའི་དོགས་པ་རྣམས་དངོས་སུ་བསལ་སོང་། མི་རིགས་འདི་རྣམས་ཀྱི་ཁྱད་ཆོས་ནི་དྲང་བདེན་དང་། ཁྲིམས་ལ་དགའ་ཞིང་། ཁ་གསལ་ལ་གཞུང་དྲང་ཞིང་མང་པོ་ཞིག་ནས་ཕུག་རྒྱངས་རིང་ཙམ་ལྟ་ཐུབ་པའི་མི་རིགས་ཞིག་ཡིན། དེང་སང་ཨ་རི་དང་ནུབ་ཕྱོགས་ལུང་པའི་རྒྱལ་ཁབ་མང་པོར་ཀུན་གྱིས་ཡིད་སྨོན་བྱེད་དགོས་པ་འདི་ནི་མི་རིགས་འདི་རྣམས་ཀྱིས་ཡར་རྒྱས་གཏང་བའི་གྲུབ་འབྲས་ཞིག་ཡིན།
གནའ་སྔ་མོ་ཡེ་ཤུའི་ལྷ་ཁང་རྣམས་སུ་མིང་གཅིག་གྱུར་ཞིག་ཡོད་པ་དེ་ནི་church ཞེས་པ་འདི་རེད། དཔེར་ན་ནང་པའི་ལྷ་ཁང་རྣམས་སུ་དགོན་པ་ཞེས་པ་དང་གཅིག་པ་རེད། དེང་སང་ཡེ་ཤུའི་ལྷ་ཁང་གི་མིང་མང་པོ་འགྱུར་བ་གཏང་འདུག་པས་ངས་ཆོས་བཤད་བྱེད་ཡུལ་གྱི་ལྷ་ཁང་འདིའི་མིང་ལ་Center for Spiritual Awakening ངས་མི་འགའ་ཤས་ཞིག་ལ་ཡེ་ཤུའི་ལྷ་ཁང་མང་པོའི་མིང་འགྱུར་བ་ག་རེ་བྱས་ནས་གཏང་བ་རེད་ཅེས་དྲིས་དུས། ཁོང་ཚོའི་ཟེར་ན་སྔོན་མ་church ནང་གི་སློབ་དཔོན་ནམ་ཆོས་དགེ་བ་མང་པོའི་བྱ་སྤྱོད་ངན་པའི་དབང་གིས་བྱུང་བའི་རྒྱུ་མཚན་གཅིག་དང་། རྒྱུ་མཚན་གཉིས་པ་ནི། སྔོན་གྱི་ཡེ་ཤུ་བའི་ཆོས་པ་རྣམས་མང་པོ་ཞིག་རྨོངས་དད་ཁོ་ནས་འགྲོ་ཞིང་དཀོན་མཆོག་གི་བཀའ་ལས་འགལ་ན་དམྱལ་བར་འཕེན་པ་དང་། དཀོན་མཆོག་གི་བཀའ་དང་མཐུན་ན་དག་ཞིང་དུ་ཁྲིད་འགྲོ་བ་སོགས་དེང་དུས་གཞོན་སྐྱེས་མང་པོའི་ཡིད་ཆེས་མེད་པ་བཅས་ཀྱིས་དེང་སང་ཉིན་རེ་བཞིན་དུ་ཡེ་ཤུའི་ལྷ་ཁང་རྣམས་སུ་གཞོན་སྐྱེས་འགྲོ་མི་མེད་པར་གྱུར་ནས་མིང་བརྗེས་པ་རེད་ཟེར།
གང་ལྟར་ཀྱང་ཆོས་ལུགས་ནི་འདི་བཟང་དང་འདི་ངན་ཞེས་བཤད་ཚོད་གཏན་ནས་མི་ཐེག་པས་དེའི་སྐོར་བཤད་འདོད་ཀྱང་གཏན་ནས་མེད། བཤད་འདོད་ཅིག་ཡོད་པ་དེ་ནི་ནུབ་ཕྱོགས་པའི་མི་ཡི་བཟང་སྤྱོད་དང་། བསམ་ཤེས། གུ་ཡངས་སོགས་ཀྱི་སྐོར་ཡིན། གང་ལྟར་ཀྱང་ང་ཚོའི་བྱ་ལས་གང་ཡིན་ཀྱང་ཁ་བདེ་བོ་ཙམ་མ་ཡིན་པར་དོན་དངོས་པོའི་ཐོག་ཀྱི་ལག་ལེན་ལ་ཁེལ་དགོས་པ་མ་ཟད། རང་ས་ལ་མི་བཞག་མི་སར་རང་བསྡད་ནས་བསམ་བློ་གཏོང་དགོས། ཁ་སང་ངས་ཆོས་བཤད་བྱེད་ཡུལ་དེ་ནི་ནང་པ་མིན་ལ་དེ་བས་ཀྱང་ནང་ཚན་དུ་གྱུར་པའི་བཀའ་བརྒྱུད་པ་ཞིག་ཀྱང་གཏན་ནས་མིན། ཁོང་ཚོའི་ལྷ་ཁང་ནང་དུ་ངས་ཆོས་བཤད་བྱས་པ་ཐེངས་མ་དང་པོ་གཏན་ནས་མིན་ཕལ་ཆེར་ཐེངས་མ་བཅུ་གྲངས་ཙམ་བཤད་ཚར་བ་རེད། བཤད་པའི་སྐབས་སུ་ཡེ་ཤུའི་ལྷ་ཁང་གི་དབུས་སུ་ནང་པའི་སྐུ་ཐང་དང་མཆོད་གཤམས་སོགས་བྱེད་ནས་དབང་སྐུར་བ་དང་སྐྱབས་སྡོམ་གནང་བ་སོགས་བྱས་པ་རེད། སྐབས་དེ་དུས་ཁོ་རང་ཚོའི་དགེ་སློབ་ཡོངས་རྫོགས་ཁ་གྱེན་དུ་ཕྱོགས་ནས་ཆོས་ཞུ་བ་དང་། འདོན་པ་མཉམ་འདོན་བྱེད་པ་སོགས་གནང་གི་ཡོད། ངས་དཔེར་མཚོན་ཅིག་ཞུས་ན།
བོད་ནང་ནས་དགོན་པ་ཞིག་གི་ནང་དུ་ནུབ་ཕྱོགས་ཡེ་ཤུའི་གྲྭ་པ་ན་བཟའ་དཀར་པོ་ཅན་ཞིག་ནས་ཁོ་རང་ཚོའི་ལུགས་སྲོལ་ལྟར་ཆོས་བཤད་དང་། བྱིན་རླབས་སོགས་བྱེད་ས་ཨི་རྙེད། གལ་སྲིད་རྙེད་པའི་དབང་དུ་གཏང་ན་དགོན་བདག་བླ་གྲྭ་རྣམས་ཀྱིས་ཡེ་ཤུའི་བླ་མའི་མདུན་ནས་ཁ་གྱེན་དུ་ཕྱོགས་ནས་ཆོས་དང་བྱིན་རླབས་ཞུ་བ་སོགས་ཨི་བྱེད། དེ་རྣམས་ནི་གཏན་ནས་བྱེད་མི་སྲིད་པ་ཞིག་རེད། ཡེ་ཤུའི་ཆོས་དཔོན་དང་མ་ཟད་ནང་བསྟན་གཅིག་པ་དེ་བས་གལ་ཆེ་བ་སོ་སོའི་ཆོས་རྒྱུད་དང་གྲུབ་མཐའ་གཅིག་པ་དེ་བས་ཀྱང་དགོན་པ་གཅིག་པའི་བླ་མ་རྣམས་ཕྱི་རྒྱལ་ལ་འབྱོར་དུས་སོ་སོའི་ཆོས་ཚོགས་སུ་ཡུན་འདྲིས་ཀྱི་དམ་ཚིག་གཅིག་པའི་ཆོས་གྲོགས་དང་བླ་མ་གཅིག་པའི་རྡོ་རྗེའི་སྤུན་གྲོགས་གཞན་ལ་མཛད་རིམ་དང་གོ་སྒྲིག་བྱེད་ཐུབ་ཀྱི་མེད། ངས་གོ་ཚུལ་ཞིག་ལ་ཐེའུ་ཝན་གནས་བཞུགས་དགོན་པ་གཅིག་དང་བླ་མ་གཅིག་པའི་ཆོས་དགེ་རྣམས་ཕན་ཚུན་ཐུག་འཕྲད་བྱེད་སྐབས་ཚིག་ཇ་འཐུང་ས་དང་། ཟ་ཁང་སོགས་ལ་དུས་ཆད་བྱེད་པ་ལས་སོ་སོའི་ཆོས་ཚོགས་ནང་དུ་མགྲོན་འབོད་བྱེད་ཕོད་ཀྱི་མེད་སྐད་འདུག གང་ཡིན་ཞེ་ན་སོ་སོའི་ཡོན་བདག་སློབ་མ་རྣམས་ཤོར་འགྲོ་བའི་དོགས་པ་རེད་ཟེར། ད་དུང་ང་ཚོ་བླ་མ་རྣམས་ཀྱི་ཞལ་ནས་མིག་གྱེན་ལ་རྫོགས་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཅིག་ཅིག་མུག་མུག་ཟེར་ནས་འདྲ་ཆགས་པོ་བཤད་ཤེས་ཀྱི་ཡོད། དོན་ངོ་མའི་ཉམས་ལེན་གྱི་ཐོག་ནས་རང་གི་ཉེ་འཁོར་དུ་ཡོད་པའི་ཕ་ས་དང་ཕ་ཡུལ་གཅིག་པའི་བོད་རིགས་སྤུན་ཟླ། དགོན་པ་གཅིག་པའི་ཆོས་གྲོགས། སྐྱིད་སྡུག་གཅིག་པའི་གྲོགས་མཆེད་སོགས་ལ་ཐུག་དུས་རང་ངོས་ནས་ངོ་ཚ་དང་། གཞན་ངོས་ནས་ཁྲེལ་ཡོད་སོགས་བླ་མ་དང་ཆོས་པ་ཕར་ཞོག་མི་གཞི་བཟང་པོའི་དྲི་མ་ཙམ་ཡང་ལྡན་མེད། ད་དུང་དེང་སང་ཁ་སྙན་པོའི་ཆོས་ལུགས་རིས་མེད་ཀྱི་འཚོགས་འདུ་དང་། བགྲོ་གླེང་སོགས་ཟེར་ནས་ས་སྟེང་འུར་སྒྲོག་གིས་བཀང་གི་ཡོད། དཔེར་ན། ཨ་རིའི་མངའ་སྡེ་གཅིག་གི་སྟོད་སྨད་བྱས་ནས་ཡོད་པའི་ཆོས་རྒྱུད་གཅིག་དང་ཆོས་ཚོགས་དང་དགོན་པ་ཧ་ཅང་མང་ཡང་འགག་ལ་ཐུག་དུས་སོ་སོའི་ཆོས་ཚོགས་ནང་ལ་བླ་མ་གཞན་དག་གདན་འདྲེན་ཞུ་ནས་སོ་སོའི་ཁྲིའི་ཐོག་ཏུ་བླ་མ་གཞན་དེ་བཞུགས་བཅུག་ནས་རང་གི་སློབ་མས་མཐའ་སྐོར་ནས་གསུང་ཆོས་ཞུ་མཁན་ཨི་ཡོད། དེ་འདྲ་བྱེད་ནུས་མཁན་ཞིག་ཡོད་ན་གང་ཟག་དེ་ཉིད་ཀྱིས་སེམས་གཏིང་ནས་ཆོས་ལུགས་རིས་མེད་ཀྱི་མགོ་བཙུགས་པ་རེད། ངས་བོད་མི་རིགས་ལ་སྨད་བཤད་དང་། ཕྱི་རྒྱལ་དུ་བཞུགས་པའི་ཆོས་ཚོགས་ཀྱི་བླ་མ་རྣམས་ལ་མ་དགའ་བའི་ཕྲག་དོགས་ཀྱིས་སྐུར་འདེབས་དང་ངན་སྨྲས་སོགས་གཏན་ནས་མིན། ང་རང་ཚོའི་མི་རིགས་ཀྱི་རྟ་ཕོ་ལ་གུ་དོགས་ཀྱི་བསམ་བློའི་ལྕགས་སྒྲོག་ལས་ཐར་ནས་གུ་ཡངས་བློ་བདེའི་ཐང་ཆེན་ལ་ཁ་ཡན་དུ་གློད་ནས་མི་རིགས་འདི་ཉིད་མ་འོངས་པར་བསམ་བློའི་ཡར་རྒྱས་དང་བཟང་བསྐྱེད་ཀྱི་ལམ་དུ་སོང་ན་སྙམ་པའི་བསམ་པ་བཟང་པོའི་རྟོག་འཆར་ཙམ་ཡིན།
མདོར་ན་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཞལ་ནས།
རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦས། །གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་སྒྲོག་ཅིང་སྨོད། །
ཡོན་ཏན་ཅུང་ཟད་མེད་ཀྱང་བཟང་པོར་རློམ། །ཆོས་པའི་མིང་བཏགས་ཆོས་མིན་ཁོ་ནར་སྤྱོད། །
བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རང་འདོད་ང་རྒྱལ་ཞི་བར་བྱིན་གྱིས་རློབས། །
ཞེས་གསུངས་པའི་གདམས་ངག་འདི་རང་རེ་ཚང་མས་སེམས་ལ་བཅངས་ནས་རང་ཕན་ཆད་ཚང་མ་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཅིང་ལྷག་པར་དུ་ནུབ་ཕྱོགས་པའི་མི་རིགས་འདི་རྣམས་ལ་རང་མདོག་དང་མི་མཚུངས་པའི་རྒྱུ་མཚན་ཁོ་ནས་མགོ་སེར་དང་སྣ་རིང་སོགས་མིང་འདོགས་བཏགས་ནས་མ་བསྐྱུར་བར་ཉམས་ཞིབ་རེ་བྱོས་དང་ད་གཟོད་མི་གཞི་གསེར་ནག་འདྲ་བ་རེ་སྣ་བོ་ཆེ་དང་། སྐྲ་སེར་ཅན་གྱི་མི་རིགས་འདིའི་ཁྲོད་ནས་མི་རྙེད་པའི་ངེས་པ་མི་འདུག་གོ།