༄༅། །ཚེ་ཐར་གྱི་ཕན་ཡོན་མདོར་བསྡུས་བྱམས་བརྩེའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ།

།ཚེ་ཡི་རིག་འཛིན་ལྷ་ཚོགས་ལ། །ཚེ་གང་སྐྱབས་སུ་ལ་བསྙེན་ནས། །ཚེ་རིང་ནད་མེད་འདོད་རྣམས་ལ། །ཚེ་ཐར་ཕན་ཡོན་མདོར་བསྡུས་སྦྱིན། །ཐར་མེད་ཉམ་ཐག་དུད་འགྲོ་རྣམས། །ཐར་པའི་ས་ལ་འགོད་འདོད་ན །ཐར་ལམ་སྲོག་བླུའི་དགེ་བ་ལ། །ཐར་འདོད་རྣམས་ཀྱིས་འཇུག་འཚལ་ལོ།། ཞེས་མཆོད་པར་བརྗོད་པས་སྔུན་བསུས་ཏེ་འདིར་སྐབས་སུ་བབས་པ་སྲོག་བླུ་ཚེ་ཐར་གྱི་ཕན་ཡོན་མདོར་བསྡུས་སུ་བསྙད་པ་ལའང་རྩ་བའི་ས་བཅད་རྣམ་པ་བཞིའི་སྒོ་ནས་བཤད་པར་བྱའོ།།

དང་པོ་གླེང་གཞིའི་སྒོ་ནས་མདོར་བསྟན་དུ་བཀོད་པ། གཉིས་པ་ཚེ་ཐར་ཇི་ལྟར་བྱ་ཚུལ། གསུམ་པ་ཚེ་ཐར་གྱི་ཕན་ཡོན། བཞི་པ་ཚེ་ཐར་གཏོང་མཁན་ཡོངས་ལ་རྗེས་སུ་ཡི་རང་བཅས་ཀྱིས་མཇུག་བསྡུ་བའོ།། དང་པོ་ནི།

“སྔོན་རྒྱ་གར་ཡུལ་དུ་མུ་སྟེགས་རྒྱལ་པོ་འཕྲི་ཅན་ཞེས་བྱ་བ་དེས། ཟས་སུ་ཤ་ཁྲག་དྲོན་མོ་ལ་དགའ་ཞིང་། སེམས་ཅན་ཁྲི་ཕྲག་མང་པོ་སྲོག་བཅད་པའི་རྣམ་སྨིན་གྱིས་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་རྡོ་རྗེའི་དམྱལ་བར་སྐྱེས་ནས་སྡུག་བསྔལ་གྱི་ཚད་ནི་ཉིན་གཅིག་རིང་ལན་བརྒྱ་རེ་ལ་འཆི།བརྒྱ་རེ་ལ་སོས་པའི་གནས་སུ་ལྷུང་ནས་ཡོད་པ་ལས། ཚེ་དང་ལྡན་པ་ཀུན་དགའ་བོས་མ་དག་པའི་དམྱལ་བའི་སེམས་ཅན་དེ་ཉིད་ཀྱི་སྡུག་བསྔལ་མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། མི་དེ་ནི་ཟས་སུ་ཤ་ཁྲག་ལ་དགའ་ཞིང་སེམས་ཅན་གྱི་སྲོག་བཅད་པའི་རྣམ་སྨིན་ཡིན་ཞེས་གསུངས་སོ། ། དེ་ནས་ཀུན་དགའ་བོས་ཆོས་ཀྱི་རྒྱལ་པོ་ལ། འདི་ཐར་བའི་ཐབས་ཡོད་དམ་ཞེས་ཞུས་པས། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་ནས། མི་དེ་ངན་སོང་ནས་ཐར་བར་བྱེད་ན། འཇིག་རྟེན་གྱི་ཁམས་སུ་ཚེ་ཐར་བཏང་ན་ཐར་རོ། ། ཞེས་གསུངས་པ་ལས། དེ་ནས་ཀུན་དགའ་བོས་དམྱལ་བའི་སེམས་ཅན་དེ་ཉིད་ཀྱི་དོན་དུ་ཚེ་ཐར་བཏང་བས། རྡོ་རྗེ་དམྱལ་བ་ལས་ཐར་རོ། ། ཞེས་སངས་རྒྱས་ཀྱིས་མདོ་ལས་གསུངས་སོ།’’ གཞན་ལས་དྲངས། མཆན། ཡང་སྟོན་པ་ཐུགས་རྗེ་ཅན་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་བུ་སྙིང་སྟོབས་ཆེན་པོར་སྐྱེ་བ་གཞེས་པའི་ཚེ་སྟག་མོ་མ་བུ་དྲུག་པོ་བཀྲེས་སྐོམ་གྱིས་མནར་བ་གཟིགས་ནས་རྒྱལ་བུ་སྙིང་སྟོབས་ཆེན་པོས་རང་གི་སྐུ་ལུས་སྟག་མོར་སྦྱིན་པ་བཏང་ནས་སྟག་མོ་མ་བུ་དྲུག་པོའི་སྲོག་བསྐྱབས་པའི་ལོ་རྒྱུས་དང་། ཡང་སྟོན་པ་ཐུགས་རྗེ་ཅན་ཉིད་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་སྐྱེ་བ་གཞེས་པའི་ཚེ་རྫིང་བུ་ཉི་མས་སྐམ་ནས་ཉ་ཁྲི་ཐམ་པ་ཤི་ལ་ཁད་དུ་གྱུར་པའི་སྐབས་སུ་རྫིང་བུར་ཆུ་དྲངས་ནས་ཉ་རྣམས་ཀྱི་སྲོག་བསྐྱབས་པའི་ལོ་རྒྱུས་དང་གཏམ་རྒྱུད་སོགས་ཧ་ཅང་མང་ཡང་འདིར་ཡེ་གེ་མང་དུ་དོགས་ནས་མ་སྤྲོས་སོ།། བདག་ཅག་རྣམས་ཀྱང་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཡིན་ནས་བཟུང་སྟེ་ངེས་པར་དུ་ཉམ་ཐག་སེམས་ཅན་རྣམས་ཀྱི་སྲོག་སྐྱོབ་ཀྱི་ལས་ལ་འཇུག་དགོས་སོ།།

གཉིས་པ་ཚེ་ཐར་ཇི་ལྟར་བྱ་ཚུལ་ནི།

འགྲོ་བ་སེམས་ཅན་ཡོད་དོ་ཅོག་སྲོག་ཆགས་གྲོག་སྦུར་ཚུན་ཆད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཞིང་། ལྷག་པར་དུ་ཉམ་ཐག་དུད་འགྲོ་རྣམས་ནི་ཁ་གྲག་ཐུབ་མིན་ལས་མ་གཏོགས་ཚོར་བ་བདེ་སྡུག་འདོད་མི་འདོད་ནི་གཅིག་པ་ཡིན་ཞིང་དུད་འགྲོ་ཁ་ཅིག་ནི་རྣམ་དཔྱོད་མི་ལས་གྲུང་ཞིང་ཕན་ཚུན་བརྩེ་བ་དང་། རོགས་རམ་བྱེད་པ་སོགས་མང་པོ་མཐོང་ཆོས་སུ་ཡོད་པ་ལྟར་རོ།། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་སུ་གནས་པའི་སྲོག་ལྡན་གཞན་ཞིག་གིས་དབང་ཤེད་བེད་སྤྱོད་བཏང་ནས་ཉམ་ཆུང་གཞན་གྱི་སྲོག་ལ་རྒོལ་ནས་ཇི་མི་སྙམ་པར་རང་གི་ཁ་ཟས་སུ་བེད་སྤྱོད་བྱེད་པ་འདི་ནི་ཞིབ་ཏུ་བསམ་བློ་བཏང་ན་ཆེས་ཡ་ང་བའི་གནས་སྟངས་ཤིག་ཡིན་ནོ།། དངོས་གཞི་ཚེ་ཐར་ལ་འཇུག་པའི་སྐབས་སུ་ཀུན་སློང་མ་དག་པ་རང་ཉིད་ཆེ་འདོད་དང་གྲགས་འདོད། ང་རྒྱལ་དང་ངོམ་ཆོས། ཉམ་ཐག་དུད་འགྲོ་རྣམས་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱིས་རྩེད་ཆས་དང་ཐ་ན་ཚོང་རྫས་སུ་མ་སོང་བར་མདོར་ན་བརྩེ་བའི་སྙིང་རྗེས་ཀུན་ནས་བསླངས་ཏེ་དུས་རྟག་ཏུ་ཚེ་ཐར་བྱེད་མ་ཐུབ་ཀྱང་སྐབས་རེར་དུས་ཆེན་ཁྱད་པར་ཅན་སངས་རྒྱས་ཀྱི་འཁྲུངས་སྐར་དང་། ཉ་སྟོང་བརྒྱད་སོགས་ལྟ་བུ་དང་ཡང་ན་སོ་སོའི་རྩ་བའི་བླ་མའི་འཁྲུངས་སྐར་དང་འདས་མཆོད་སོགས་དུས་ཚེས་དགེ་བའི་ཉིན་མོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ཚེ་སྒྲུབ་ཡང་གསང་བླ་མེད་ལས་ཁོལ་དུ་ཕྱུངས་བའི། “ཚེ་ཐར་གཏང་ཐབས་ཕན་བདེའི་སྙིང་པོ་དང་།” གལ་སྲིད་རྒྱས་པ་མ་བྱུང་ན་ཡང་། འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི། “ཚེ་ཐར་གཏོང་བའི་ཆོ་ག་འདོད་དགུའི་དཔལ་སྟེར།” སོགས་གང་རུང་ཞིག་གིས་གཞུང་བསྲངས་ནས་ར་ལུག་སོགས་སེམས་ཅན་རྣམས་ཀྱི་སྤྱི་གཙུག་ཏུ་མགོན་པོ་ཚེ་དཔག་མེད་བསྒོམས་ནས་ཚེ་སྙིང་དང་། འོད་མཚན། ཡིག་བརྒྱ། མི་འཁྲུགས་པའི་གཟུངས་སྔགས། གཞན་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་མཚན་སྔགས་དང་། གསོལ་འདེབས་སྨོན་ལམ་སོགས་གང་ཤེས་བྱ་ཞིང་ཁྱད་པར་དུ་གྲོལ་བ་དྲུག་གི་སྒོ་ནས་མཐོང་གྲོལ་ཙཀ་ལི་དང་སྐུ་ཐང་སོགས་བསྟེན། ཚོར་གྲོལ་བདུག་སྤོས་སྣར་བདུག། རེག་གྲོལ་བྱེ་མ་ལུས་ཐོག་ཏུ་གཏོར། བཏགས་གྲོལ་མགོ་ཐོག་ཏུ་འཇོག།མྱོང་གྲོལ་དམ་རྫས་དང་མ་ཎི་རིལ་བུ་སོགས་ཁར་ལྡུག།ཐོས་གྲོལ་རྒྱུད་པདྨའི་སྙིང་པོ་དང་སངས་རྒྱས་ཀྱི་མཚན་སྔགས་སོགས་རྣ་ཁུང་དུ་གོ་ངེས་སུ་བཟླ་ཞིང་མཐར་དུད་འགྲོར་མིང་གསར་པ་འདོགས་ཤིང་རྣ་ཚར་དང་། དཔུང་སྐུད་སོགས་འདོགས་པའི་ལུགས་སྲོལ་ལྟར་བྱ་ཞིང་ཇི་སྲིད་འཚོ་ཡི་བར་དུ་སེམས་ཅན་ཉིད་གཞན་གྱིས་མི་འཚེ་བའི་ས་གནས་དང་། ཉ་སོགས་ཆུ་གནས་ཀྱི་རིགས་རྣམས་ལ་སོ་སོའི་གཟུགས་པོ་དང་འཕྲོད་པའི་རྒྱ་མཚོ་དང་རྒྱུག་ཆུ་སོགས་ཀྱི་ནང་དུ་བསྐྱལ་ཞིང་ར་ལུག་སོགས་ཡིན་ན་དམིགས་བསལ་ཚེ་ཐར་སྲུང་སྐྱོབས་ཀྱི་ཁོར་ཡུག་སོགས་ཆེད་དུ་ཡོད་ན་དེར་བསྐྱལ་ལོ།། ཚེ་ཐར་དང་།སྲོག་བླུ་གཉིས་ནི་ཐ་དད་ཡིན་ཞིང་སྲོག་བླུ་ནི་དཔེར་ན་ཉ་ལྟ་བུ་གནས་སྐབས་གཤེད་མའི་ལག་ནས་ཉོ་ཞིང་ཆུ་ནང་དུ་བསྐྱལ་བ་ལྟར་ཡིན་ལ།ཚེ་ཐར་ནི་སེམས་ཅན་དེ་ཉིད་ཀྱི་སྲོག་བླུས་པའི་ཉིན་མོ་ནས་བཟུང་སྟེ་ཇི་སྲིད་འཚོ་ཡི་བར་དུ་བྱམས་བརྩེས་དམིགས་བསལ་ལྟ་སྐྱོང་བྱས་ཏེ་བསད་ནས་ཤ་མི་བཟའ། བཙོངས་ནས་རིན་མི་ལེན། བཀོལ་ནས་ཁལ་མི་འགེལ། རྒྱབ་ལ་རྐང་པ་མི་འཇོག ལུས་ནས་བལ་རྩིད་མི་ལེན་པ་སོགས་བྱས་ན་དེ་ནི་ཚེ་ཐར་དོན་དང་ལྡན་པ་ཡིན་ནོ།། སྲོག་བླུ་ཡིན་ན་ཚེ་ཐར་ཡིན་པས་མ་ཁྱབ་ཅིང་། ཚེ་ཐར་ཡིན་ན་སྲོག་བླུ་ཡིན་པས་ཁྱབ་པ་ལྟར་སྲོག་བླུ་དང་ཚེ་ཐར་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པ་ཤེས་དགོས་སོ།།

གསུམ་པ་ཚེ་ཐར་གྱི་ཕན་ཡོན་ནི།

སྤྱིར་ཐེག་ཆེན་ལམ་གྱི་སྙིང་པོ་ཕར་ཕྱིན་དྲུག་ལས་དང་པོ་སྦྱིན་པ་ལའང་རྣམ་པ་གསུམ་ཡོད་ཅིང་། ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གསུམ་ལས་ཐ་མ་ནི་སྲོག་བླུ་དང་ཚེ་ཐར་ཡིན་ཞིང་སེམས་ཅན་གཞན་ཚེ་ཐར་བྱེད་པ་འདི་ནི་མི་འཇིགས་པའི་སྦྱིན་པའང་ཡིན་ལ་ཚེ་ཐར་ཡང་ཡིན་ནོ།། ཕན་ཡོན་ནི་མདོ་ལས།

“སེམས་ཅན་ཚེ་ཐར་གཅིག་བཏང་ན་དགེ་སློང་སྡོམ་ལྡན་དང་འདྲའོ། །ལུག་ཚེ་ཐར་གཅིག་གིས་ངན་སོང་ལན་གཅིག་འདག་གོ །ར་ཚེ་ཐར་གཅིག་གིས་ངན་སོང་ལན་བདུན་འདག་གོ། འཇིག་རྟེན་གྱི་ཁམས་ན་མི་བརྒྱ་རྟ་བརྒྱ་བསད་པའི་སྡིག་པ་ཡོད་ཀྱང་།ཚེ་ཐར་གཅིག་བཏང་བས་སྡིག་སྒྲིབ་འདག་གོ །ཚེ་ཐར་བཅུ་གསུམ་བཏང་ན་བསྐལ་པ་ཁྲི་ཕྲག་གཅིག་གི་སྡིག་སྒྲིབ་འདག་གོ །ཚེ་ཟད་པའི་དོན་དུ་ཚེ་ཐར་བཏང་ན་ཚེ་བསྲིང་བར་འགྱུར་རོ། །ཡང་ཚེ་ཟད་པའི་མི་ཞིག་ཞག་གསུམ་དུ་འཆི་ངེས་པ་ལ་ཚེ་ཐར་བཅུ་གསུམ་བཏང་ན་མི་དེ་ལོ་གསུམ་ཚེ་བསྲིང་ངེས་པར་འགྱུར་རོ། །ཚེ་ཐར་རེ་བསད་ན་མི་བརྒྱ་སྲོག་བཅད་པ་དང་འདྲའོ།” །དེ་ལ་སོགས་པའི་ཉེས་དམིགས་དཔག་ཏུ་མེད་པ་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་སོ། །གཞན་ལས་བཏུས། མཆན། དེ་བས་ཚེ་ཐར་དང་སྲོག་བླུ་བྱེད་པ་ནི་ཚེ་ཐུང་བ་དང་ནད་མང་བ། ལོངས་སྤྱོད་ཀྱིས་དབུལ་བ་སོགས་ལས་ལྡོག་པའི་ཐབས་ཉག་གཅིག་ཡིན་པ་སོགས་ཕན་ཡོན་མང་བོ་མདོ་རྒྱུད་ཀྱི་བསྟན་བཅོས་དུ་མ་ནས་གསུངས་ཏེ། མདོ་དྲན་པ་ཉེར་བཞག་ལས། “ཚུལ་ཁྲིམས་ཀྱི་ནང་ནས་མཐོ་རིས་སུ་སྐྱེ་བ་མཆོག་ནི་འདི་ཡིན་ཏེ། སྲོག་སྦྱིན་པའི་ཚུལ་ཁྲིམས་སོ།” ཞེས་ཚེ་བླུ་བྱས་པས་མཐོ་རིས་སུ་སྐྱེ་བར་གསུངས་པ་དང༌། སློབ་དཔོན་དབྱིག་གཉེན་གྱིས། “གསོད་སར་འཁྲིད་པ་ཡོངས་བཏང་ནས། །དེ་བཞིན་སྲོག་གི་ཕན་བཏགས་ཤིང༌། །སྲོག་ཆགས་འཚེ་བ་ཡོངས་སྤངས་པས། །ཚེ་རིང་བ་ནི་འཐོབ་པར་འགྱུར། །ནད་གཡོག་བྱེད་ཅིང་སྨན་པ་དང༌། །སྨན་རྣམས་སྦྱིན་པར་བྱ་བ་དང༌། །སྲོག་ཆགས་རྣམས་ལ་རྡོ་དབྱུག་དང༌། །འཚེ་བ་སྤངས་པས་ནད་མེད་འགྱུར།།” ཞེས་དང༌། གཞན་ལ་འཚེ་བ་སྤངས་ན་རང་ཉིད་ནད་མེད་ཚེ་རིང་ཡོང་བར་གསུངས་པ་དང་། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། “བྱ་ཉ་རི་དྭགས་རྐུན་མ་དང༌། །སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར།།” ཞེས་ཚེ་ཐར་བཏང་བས་ཚེ་འཕེལ་བར་གསུངས་ཤིང༌། སའི་སྙིང་བོ་འཁོར་ལོ་བཅུ་བའི་མདོ་ལས། “གལ་ཏེ་སྲོག་གཅོད་ཡོངས་སྤངས་ན། །ཀུན་གྱིས་བཀུར་ཞིང་བླ་མར་བྱེད། །རྟག་ཏུ་ནད་མེད་ཚེ་ཡང་རིང༌། །བདེ་ཞིང་སྐྱིད་ལ་གནོད་པ་མེད། །སྐྱེ་བའི་གནས་ནི་ཐམས་ཅད་དུ། །སངས་རྒྱས་སྤྱོད་ལམ་ལམ་ལ་མོས། །སངས་རྒྱས་ཆོས་དང་དགེ་འདུན་མཐོང༌། །མྱུར་དུ་བླ་མེད་བྱང་ཆུབ་འཐོབ།།” ཅེས་གསུངས་སོ།། སྲོག་གཅོད་སྤངས་པས་ཀུན་གྱིས་བཀུར་ཞིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་གསུངས་པ་དང་། །སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེའི་ཞལ་ནས། “།བྱ་ཉ་རི་དྭགས་གཡུང་དྭགས་དང་། །འབུ་སྦྲང་ཡན་གྱི་སྲོག་ཆགས་རྣམས། །སྲོག་མི་གཅོད་ཅིང་ཚེ་ཐར་བཏང་། །མི་འཇིགས་སྐྱབས་སྦྱིན་ལ་བརྩོན་བྱ། །འདི་ཡི་ཕན་ཡོན་བསམ་མི་ཁྱབ། །ཚེ་སྒྲུབ་མཆོག་ཏུ་འདི་འགྱུར་ཞིང་། །གསོན་རིམ་གཤིན་དགེར་འདི་ལྷག་མེད། །ང་ཡི་འགྲོ་དོན་རྩ་བ་ཡིན། །འགལ་རྐྱེན་ཕྱི་ནང་བར་ཆད་སེལ། །མཐུན་རྐྱེན་འབད་མེད་ལྷུན་གྱིས་འགྲུབ། །སེམས་བསྐྱེད་བཟང་པོས་ཟིན་པ་དང་། །བསྔོ་སྨོན་དག་པས་མཚམས་སྦྱར་ན། །རྫོགས་སངས་རྒྱས་ལ་རེག་འགྱུར་ཞིང་། །རང་གཞན་དོན་གཉིས་འགྲུབ་པ་ཡིན། །འདི་ལ་ཐེ་ཚོམ་བྱ་མི་དགོས།།” ཞེས་གསུངས།། ལར་ནས་ཉམ་ཐག་གི་སེམས་ཅན་རྣམས་ལ་སྙིང་རྗེས་སྐྱོང་བ་ནི་སངས་རྒྱས་མཉེས་པའི་ཐབས་བླ་ན་མེད་པའང་ཡིན་ཏེ། སྤྱོད་འཇུག་ལས། “གཞན་ཡང་གཡོ་མེད་གཉེན་གྱུར་ཅིང་། །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་གཏོགས་པ། །གཞན་གང་ཞིག་གིས་ལན་ལོན་འགྱུར།།” ཞེས་གསུངས་སོ།། ཞེས་སོགས་མདོ་རྒྱུད་ཀྱི་བསྟན་བཅོས་རྣམས་ལས་ཀྱང་གཞན་ལ་བརྩེ་བས་རྗེས་སུ་སྐྱོང་བའི་བློ་འདི་དགེ་བ་གཞན་ལས་ཀྱང་ཕན་ཡོན་རྒྱ་ཆེར་གསུངས་སོ། །དེ་ལྟར་ཚེ་ཐར་བྱས་པ་ལ་ཕན་ཡོན་མཐའ་མེད་ཀྱང་མདོར་བསྡུས་ན་རྣམ་པ་བཅུ་རུ་འདུས་ཏེ། ༡སྐྱེ་བ་ཕྱི་མར་ངན་འགྲོའི་སྐྱེ་བ་ཁེགས་ནས་བདེ་འགྲོར་སྐྱེས་པ། ༢དུས་མིན་གྱི་འཆི་བ་བཟློགས་ནས་ཚེ་རིང་བོར་འགྱུར་བ། ༣ནད་རིགས་བཞི་བརྒྱ་རྩ་བཞི་དང་བྲལ་ཏེ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ། ༤སྨན་རྣམས་མཐུ་དང་ལྡན་པར་འགྱུར་བ། ༥ ནོར་དང་ལོངས་སྤྱོད་རྒྱས་པ། ༦གཟའ་གདོན་མི་མ་ཡིན་གྱིས་གནོད་པ་མེད་པ། ༧དཀར་ཕྱོགས་སྐྱོང་བའི་སྲུང་མས་སྐྱོང་ཞིང་གཞན་གྱིས་བཀུར་བ། ༨སྐྱེ་བ་གཞན་དུ་རང་གིས་ཆོས་གསུང་བའི་འཁོར་དུ་འགྱུར་བ། ༩རང་གི་འདོད་པའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པ། ༡༠དཀོན་མཆོག་གསུམ་མངོན་སུམ་དུ་མཐོང་ནས་ཆོས་ཀྱི་དཔལ་ལ་སྤྱོད་ཅིང་བླ་མེད་བྱང་ཆུབ་འཐོབ་པ་བཅས་སོ།།

བཞི་པ་ཚེ་ཐར་གཏོང་མཁན་ཡོངས་ལ་རྗེས་སུ་ཡི་རངས་དང་བཅས་པས་མཇུག་བསྡུ་བའོ།།

དེང་སང་རྒྱ་ནག་དང་བོད་གཙོས་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་རྣམས་སུ་ལོ་རབས་བརྒྱད་ཅུ་ནས་བཟུང་སྤྱི་ཚོགས་ཁྲོད་དུ་སྔར་མེད་གསར་དར་ཚེ་ཐར་དང་སྲོག་བླུའི་དགེ་བ་རླབས་པོ་ཆེའི་རྦ་རླབས་ཤིག་གྱེན་དུ་འཕྱུར་བཞིན་པ་འདིར་ཞིབ་ཏུ་བསམས་ན་ཆེས་ཡི་རངས་བྱེད་འོས་པ་ཞིག་རེད་སེམས། སྤྱིར་བཏང་ནས་བཤད་ན་དགེ་སྒྲུབ་སྡིག་སྤོང་བྱེད་ཐབས་ཧ་ཅང་རྣམ་པ་མང་ཡང་དོན་ཧྲིལ་གྱིས་དྲིལ་ན་རང་གི་སྒོ་གསུམ་ལས་བྱུང་བའི་མི་དགེ་བ་རྣམས་སྤངས་ཤིང་དགེ་བ་བཅུར་བསྒྱུར་རྒྱུ་དེ་ཡིན། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས། “།དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང་། །ཆང་རྣམས་ལས་ལྡོག་དེ་བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛོད།” །ཅེས་གསུངས་པ་ལྟར་རོ།། དེ་བས་ཀྱང་སྲོག་གཅོད་སྤང་རྒྱུ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ་སྟེ། “སྲོག་གཅོད་གོང་ན་སྡིག་གཞན་མེད།” ཅེས་གསུངས་པ་ལྟར་དེང་སང་བསྟན་འཛིན་གྱི་སྐྱེས་བུ་འགའ་ཡིས་རང་ཉིད་མི་ཚེ་ཧྲིལ་པོར་དམར་ཟས་སྤངས་ཤིང་ད་དུང་མཐའ་གཅིག་ཏུ་ཉམ་ཐག་སྐྱབས་མེད་དུད་འགྲོ་རྣམས་ཀྱི་རྒྱབ་ཏུ་ལངས་ནས་གསོད་ལ་ཁད་པའི་སེམས་ཅན་རྣམས་ལ་འགྲོ་སོང་རང་གི་སྒོར་ཁུག་ནང་ནས་ནར་གཏོང་བྱེད་ཅིང་། སེམས་ཅན་གྲངས་མེད་པ་ཚེ་ཐར་བྱེད་པ་འདི་ནི་ཧ་ཅང་རླབས་ཆེན་གྱི་དགེ་བ་ཞིག་ཡིན་སྟབས་ཀུན་གྱིས་དེ་ལ་མཐུན་འགྱུར་དང་། ཞལ་འདེབས། རྒྱབ་སྐྱོར་བྱེད་དགོས་ངེས་སོ།། བོད་ནས་བླ་རུང་ཆོས་སྒར་མཁན་སྤྲུལ་རྣམས་ཀྱིས་ལོ་ལྟར་ཉ་སོགས་ཆུར་གནས་ཀྱི་རིགས་གྲངས་མེད་པ་ཚེ་ཐར་དང་སྲོག་བླུ་གནང་བ་དང་། བལ་ཡུལ་གནས་བཞུགས་སྐྱབས་རྗེ་གྲུབ་དབང་ཞིང་གཤེགས་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་ནས་གསེར་གྱི་རྒྱ་ཕིགས་ཅན་གྱི་གཙུག་ལག་ཁང་དང་། གྲྭ་ཚང་ཡན་གར་བ་ཞིག་གི་བསྟན་བདག་ཙམ་མ་གནང་བར་སྐུ་ཚེ་གང་པོའི་དད་རྫས་རྣམས་ཉམ་ཐག་སེམས་ཅན་གྲངས་མེད་པ་རྣམས་ཀྱི་སྲོག་གི་འཇིགས་པ་ལས་བསྐྱབ་པའི་ཆེད་དུ་ནར་གཏོང་གནང་བ་དང་། ཐའེ་ཝན་ལ་བཞུགས་པའི་ང་ཡི་ཆོས་གྲོགས་འཇའ་ཚོན་སྤྲུལ་སྐུ་ནས་ཀྱང་ཐའེ་ཝན་ས་གནས་རང་ནས་ཉ་སོགས་ཆུར་གནས་ཀྱི་རིགས་སྲོག་བླུ་ཐེངས་མ་༢༣༡གནང་ཞིང་། ཐེངས་རེ་རེར་ཡང་སྲོག་ཆགས་གྲངས་མེད་པ་རྣམས་ཀྱི་ཚེ་སྲོག་བསྐྱབས་ཡོད། མདོར་ན་ཚེ་ཐར་གྱི་འགྲོ་སོང་ཁོ་ནའི་ཆེད་དུ་ཐའེ་ཝན་གྱི་སྒོར་མོ་འབུམ་བརྒྱ་ལྷག་བཏང་ཞིང་། བོད་ནས་འབྲི་གཡག་གཙོས་སྒོ་ཟོག་སེམས་ཅན་ཉིས་སྟོང་བཞི་བརྒྱ་ལྔ་བཅུ་དང་། འགྲོ་སོང་རྒྱ་སྒོར་ཁྲི་སུམ་བརྒྱ་ཁ་ལྷག་བཏང་གནང་བའོ།། ཨ་རིའི་ཁ་ལི་ཧྥོར་ཎི་ཡར་བཞུགས་པའི་གུས་པའི་ཆོས་གྲོགས་གླིང་སྤྲུལ་རིན་པོ་ཆེ་ནས་ཀྱང་ལོ་ལྟར་ར་མ་མང་པོ་ཚེ་ཐར་གནང་ཞིང་འདས་པའི་ལོ་འགའ་ཡི་རིང་ར་མ་སྟོང་ཕྲག་གསུམ་ལྷག་སྲོག་བླུ་གནང་བ་དང་། ཁོང་གི་ཆོས་གྲོགས་འཇམ་དབྱངས་རིན་པོ་ཆེ་ནས་ཀྱང་སེམས་ཅན་སྲོག་ཆགས་དུང་ཕྱུར་གསུམ་ལྷག་ཚེ་ཐར་གནང་སྐད་འདུག།གང་ལྟར་འགྲན་ཟླ་དང་བྲལ་བའི་བསྟན་འཛིན་གྱི་སྐྱེས་ཆེན་ཁོང་རྣམ་པའི་ཚེ་ཐར་གྱི་ཕྱག་ལས་རླབས་ཆེན་གྱི་མཛད་པ་རྣམས་ལ་ཁ་མིག་གྱེན་ལྟ་བྱས་ནས་རང་རེ་རྣམས་ཀྱང་རྗེས་སུ་ངེས་པར་འཇུག་དགོས་པར་སེམས་སོ།། གལ་སྲིད་རང་ཉིད་ཀྱིས་དེ་ལྟ་བུ་སྒྲུབ་མ་ནུས་ཀྱང་གཞན་གྱིས་བསགས་པའི་རླབས་ཆེན་གྱི་དགེ་བ་འདི་རྣམས་ལ་ཕྲག་དོག་མེད་པར་སེམས་ཁོང་ནས་ཡི་རངས་བྱས་ན་དགེ་རྩ་མཉམ་དུ་འབྱུང་ཞེས་གསུངས་སོ།། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། “གཞན་གྱིས་དགེ་བ་བྱས་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རངས་ན ། །དེ་ཡི་བསོད་ནམས་མཉམ་དུ་འཐོབ་པར་གསུངས།།” ཞེས་གསུངས་པ་ལྟར་གང་ཞིག་གིས་ཉམ་ཐག་མགོན་མེད་སྐྱབས་བྲལ་གྱི་སེམས་ཅན་འདི་རྣམས་ལ་སྙིང་ནས་བརྩེ་བ་ཡོད་ན་མི་ཚེ་ཡོངས་ལ་དམར་ཟས་སྤངས་ཤིང་དཀར་ཟས་ལ་རོལ་བ་དང་། དེ་ལྟར་མ་བྱུང་ནའང་ཉ་སྟོང་དུས་བཟང་སོགས་ལ་དམར་ཟས་སྤོང་ཅི་ཐུབ་བྱེད་ཅིང་བསམ་པ་བྱང་ཆུབ་སེམས་ཀྱིས་བརྒྱན་ཅིང་སྦྱོར་བ་དངོས་སུ་སེམས་ཅན་རྣམས་སྲོག་བླུ་དང་། ཚེ་ཐར་གྱི་དགེ་ལས་རླབས་པོ་ཆེ་འདིར་སྣང་ཆུང་དུ་མི་འཇོག་པར་ཅི་ནུས་སུ་བརྩོན་པ་ལ་ཅི་ནས་ཀྱང་འབད་འཚལ་ལོ།།

སླར་སྨོན་པ།

རབ་དཀར་ཀུན་སློང་དྲི་མེད་ཀྱི། །ལེགས་བྱས་དགེ་འདིས་འགྲོ་བ་ཀུན། །འཆི་བདག་བདུད་ལས་ཐར་གྱུར་ནས། །རིང་འཚོའི་བདེ་སྐྱིད་དཔལ་འབར་ཤོག།།ཁྱད་པར་ཉམ་ཐག་དུད་འགྲོ་རྣམས། །མི་ཡིས་གསོད་དང་བཀོལ་བ་སོགས། །ཡ་ངའི་འཇིགས་པ་ལས་གྲོལ་ཞིང་། །རང་དབང་སྐྱིད་ཀྱིས་འཚོ་བར་ཤོག། 

།ཅེས་ཚེ་ཐར་གྱི་ཕན་ཡོན་མདོར་བསྡུས་བྱམས་བརྩེའི་ཆར་རྒྱུན་ཞེས་པ་འདིའང་གུས་པའི་ཆོས་གྲོགས་གླིང་སྤྲུལ་རིན་པོ་ཆེ་ནས་འདི་ལྟར་བྱོས་ཞེས་བཀའ་ཡིས་བསྐུལ་པ་ལྟར་དུ་ཆོས་སྨྲ་བའི་མིང་ཙམ་འཛིན་པ། དོན་དུ་ཆོས་དོན་ནོར་གྱིས་དབུལ་བའི་ཆོས་སྨྲ་བའི་མིང་འཛིན་འཁྱར་བོ་ཀརྨ་བསྟན་སྲུང་དུ་འབོད་པས་ཚེ་ཐར་གྱི་ཕན་ཡོན་སོགས་དཔྱད་འོས་ཅན་གྱི་ཡིག་ཆ་འགའ་དང་མཐུན་པར་བྱས་ནས་ཡིག་རིགས་གཞན་ལ་བསྒྱུར་བདེ་བའི་ཆེད་དུ་ཕལ་སྐད་དུ་ཨ་རིའི་ཁ་ལི་ཧྤོར་ཎི་ཡའི་ཞི་བདེ་རྒྱ་མཚོའི་ཉེ་འགྲམ། རང་གནས་འཇམ་དབྱངས་ཆོས་འཁོར་གླིང་ནས་རབ་གནས་ཆུ་སྟག་ལོའི་བོད་ཟླ་༡༡པའི་ཚེས་པ་༡༢ དང་། ཕྱི་ལོ་2023 ཟླ་བ་1 པོའི་སྤྱི་ཚེས་11༧སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུའི་བླ་གཟའ་རེས་གཟའ་ལྷག་པའི་ཉིན་མོར་དད་པས་ཀུན་ནས་བསླངས་ཏེ་སྦྱར་ཞིང་། དགེ་བས་དཔལ་ལྡན་བླ་མའི་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་ཕྱོགས་ཀུན་ཁྱབ་པའི་རྒྱུར་གྱུར་ཅིག།།། སརྦ་མངྒ་ལཾ།། །།