བརྗོད་བྱ། སྤུན་མཆེད་རྣམས་ལ་གདམས་པའི་བསླབ་བྱ།

གསུང་པ་པོ། མཁན་པོ་ཀར་བསྟན།
གསུངས་ཡུལ། སྤུན་མཆེད་རྣམས་ལ།
ཡིག་ཐོག་སྒྲ་ཕབས་པ། ཉི་མ་ཚེ་རིང་།

འཇམ་དཔལ་རྡོ་རྗེའི་ངག་ལ་དབང་འབྱོར་ཞིང་།།

  བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིས་་གཏམས།།
བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན།། 
འཕགས་མཆོག་ཕྱག་ན་པདྨོར་གསོལ་བ་འདེབས།།

འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།། 

དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།། 
རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི།། 
རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས།།

ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་།། བཀའ་དྲིན་སངས་རྒྱས་ཀུན་བས་ལྷག་པའི་མགོན།།
རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས།། གནས་ལུགས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས།།

བཀྲ་ཤིས་བདེ་ལེགས། ཁ་སང་ཡིན་པ་ཡོད། སངས་རྒྱས་ཆོས་སྒྲོན་གྱིས་ང་ལ་ཁོ་མོར་བསླབ་བྱ་འདྲ་ཞིག་བརྒྱག་རོགས་ལབ་འདུག། དེ་རིང་ངས་འདིར་ཁྱེད་རང་གཙོས་པའི་ཚ་བོ་དང་ཚ་མོ་སྤུན་མཆེད་ཚང་མ་ལ་མཉམ་དུ་བསླབ་བྱ་ཟེར་ནའང་འདྲ་ཚིག་ཁ་ཤས་བཤད་ཀྱི་ཡིན། སྔོན་མ་ཡིན་ན་ང་ཚོ་ག་དུས་ཡིན་ནའང་ཕན་ཚུན་ཐུག་བསྡད་ཀྱི་ཡོད་རེད། ཐུག་པའི་སྐབས་སུ་ངས་ཁྱེད་རང་ཚོ་ལ་སྐད་ཆ་བཤད་ཀྱི་ཡོད་རེད། བར་ལམ་ནད་ཡམས་དེས་རྐྱེན་བྱས་མ་ཐུག་ནས་ལོ་མང་པོ་འགྲོ་གི་ཡོད་དུས། ད་ནངས་ཁྱོད་ཀྱིས་ང་ཡི་ཁ་པར་ནང་དུ་༼ཨ་ཞང་ང་ལ་བསླབ་བྱ་ཞིག་བརྒྱག་རོགས༽ཟེར་ནས་ལན་བཞག་པ་གོ་དུས་ང་ཡི་སེམས་ལ་ཚོར་བ་ཆེན་པོ་འདྲ་བྱུང་། རྒྱུ་མཚན་གང་ཡིན་ཟེར་ན། སྤྱི་ཡོངས་ནས་ང་ཚོ་ཚང་མ་དེང་སང་ཡིག་ངག་གཉིས་ཀའི་ཐོག་སྤྱི་སྒེར་གཉིས་ཀའི་དྲྭ་རྒྱའི་ནང་དུ་ལག་ལེན་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར་ཚང་མས་ཁ་ནས་ཚིགས་སྙན་པོ་ཞིག་བེད་སྤྱོད་གཏོང་བཞིན་པ་༼བོད་རིགས་སྤུན་ཟླ༽ཟེར་བ་དེ་ངོ་མ་དེ་ཆགས་བསྡད་ཡོད་པ་རེད། ང་ཚོ་ལས་དབང་གིས་ས་མཐར་འཁྱམས་པའི་སྐྱབས་བཅོལ་བའི་བོད་པ་ཞིག་ཡིན་པ་མ་ཟད་ཕ་ཡུལ་གཅིག་པ། ལུང་པ་གཅིག་པ། ཕ་ཚེ་བུ་རིང་ནས་གྲོགས་པོ་བཟང་མཐའ་འཁྱོལ་བའི་གྲོགས་པོ་དང་མ་ཟད་སྤུན་མཆེད་ཆགས་བསྡད་ཡོད་རེད། ཁྱོད་ཚོ་འདྲ་བོ་ཡིན་ན་ཡང་ཆུང་ཆུང་སྐབས་སུ་བོད་ནས་རྒྱ་གར་ལ་སློབ་སྦྱོང་བྱེད་ལ་ཡོང་བ་དང་། ང་ཡང་དེ་ནང་བཞིན་རེད། ས་མཐའ་ལ་འཁྱམས་ནས་ད་ལྟ་མི་ལོ་ཉི་ཤུ་རྩ་གསུམ་ཙམ་འགྲོ་གི་ཡོད་རེད། ཕ་ཡུལ་དང་ཁ་བྲལ་ཟེར་དགོས་རེད་དམ། གང་ལྟར་མི་འདོད་བཞིན་དུ་སྐྱབས་བཅོལ་ལ་ཡོང་བ་རེད། བརྒྱུད་རིམ་མང་པོ་དང་དཀའ་ངལ་རབ་དང་རིམ་པ་མང་པོ། དཀའ་ངལ་ཟེར་ནའང་འདྲ། གདོང་ལེན་བྱེད་དགོས་སའི་འཕྲང་ལམ་དང་དེའི་བརྒྱུད་ནས་ཉམས་མྱོང་མང་པོ་ཞིག་བསགས་པ་རེད། འདྲ་ཡིན་དུས་ཁྱོད་ཀྱིས་ང་ལ་བསླབ་བྱ་བརྒྱག་རོགས་ཟེར་ཡོང་དུས། དེ་ནི་ངའི་སེམས་ལ་རྒྱུག་པོ་འདྲ་ཞིག་བྱུང་སོང་། དེ་རིང་ངས་ལམ་སང་སྒྲ་སྒམ་ཞིག་བཟོ་ནས་གཏོང་གི་ཡིན། དེ་ང་ཡི་ཚ་བོ་ཚ་མོ་དང་སྤུན་མཆེད་ས་ཆ་ཕྱི་ལོགས་ག་བ་ག་ས་ལ་མང་པོ་ཡོད་པ་དེ་ཚོ་ཚང་མ་ལ་གཏོང་ཡོང་གི་ཡིན། དེ་དང་ཆབས་ཅིག་ཁྱེད་རྣམ་པས་ཡག་པོ་གསན་རོགས་གནང་ཞུ་གི་ཡོད།
སྤྱིར་བཏང་ངས་བསླབ་བྱ་རྒྱག་ཟེར་དུས། ང་རང་ལ་ཆོས་དང་འཇིག་རྟེན་གང་གི་ཐོག་ནས་ཡིན་ན་ཡང་བསླབ་བྱ་རྒྱག་ཐུབ་པ་དེ་འདྲ་ཚད་ལྡན་ཞིག་ཡོད་མ་རེད་ལ། དེང་སང་སྤྱི་ཚོགས་ནང་དུ་སྐད་ཆ་བཤད་མཁན་ལ་ཆེད་ལས་པ་དང་། འབུམ་རམ་པ་སོགས་ཧ་ཅང་མཁས་དབང་ཞིག་གིས་གཏམ་བཤད་བྱེད་ཀྱི་ཡོད་རེད། ངས་དེ་རིང་སྐད་ཆ་དེ་མཁས་པའི་གཏམ་བཤད་མ་ཡིན་པར་སྤུན་མཆེད་ནང་མི་རྣམས་ལ་ཤ་ཚ་བའི་བསླབ་བྱ་འདྲ་ཞིག་ཡིན། ཕྱོགས་གཅིག་ནས་ངས་བཤད་པའི་གཏམ་ལ་རྒྱུ་མཚན་དང་མི་ལྡན་ན་གནས་སྐབས་གཡུགས་བཞག་ནའང་འགྲིག་གི་རེད།དཔལ་སྤྲུལ་རིན་པོ་ཆེས།

བདེན་བདེན་འདྲ་བ་འདུག་ན་གོ་བ་ཞིག་ལོངས་དང་། །མི་བདེན་དོན་དང་འགལ་ན་ཕྱོགས་མེད་ལ་བསྐྱུར་ཐོངས།

དེ་འདྲ་གསུངས་ཡོད་རེད།
དེ་རིང་ངས་ག་རེ་བཤད་རྒྱུ་ཡིན་ཟེར་ན། དངོས་གནས་དྲང་གནས་ང་ཚོ་ལོ་མང་པོའི་རིང་ལ་ས་མཐའ་མང་པོ་ཞིག་བརྒྱུད། རྒྱལ་ཁབ་གཅིག་ནས་གཅིག་ལ་བརྒྱུད་སྐྱབས་བཅོལ་ནས་ཡང་བཅོལ་འདྲ་བྱས་ཏེ་གནས་སྤོས་ནས་མ་འོངས་པ་ང་ཚོའི་འགྲོ་ས་འདུག་ས་དེ་འཛམ་གླིང་གི་ཕྱི་ལོགས་གང་ཞིག་ལ་སླེབ་འགྲོ་གི་ཡོད་ན་བསམ་པ་འདྲ་ཞིག་སྐབས་རེ་སེམས་ལ་འཁོར་ཡོང་གི་འདུག། དེ་འདྲ་ཡིན་དུས་བརྒྱུད་རིམ་དེའི་ཁྲོད་དུ་མི་མ་འདྲ་བ་མང་པོ་ཞིག་ཐུག་གི་ཡོད་རེད། མི་མ་འདྲ་བ་མང་པོ་ལ་ཐུག་པའི་ཤུགས་རྐྱེན་དེས་མི་དེ་ལ་རང་བཞིན་གྱིས་འགྱུར་བ་འགྲོ་གི་འདུག ད་དེ་རིང་ངས་ག་རེ་བཤད་འདོད་བྱུང་སོང་ཟེར་ན། ཁྱེད་ཚོ་ཚང་མས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་དེ་སེམས་ཁོང་ནས་དུས་ནམ་ཡང་མ་བརྗེད་པར་ཉར་རོགས་ཞེས་ངས་འབོད་སྐུལ་ཡིན།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་འདི་སྤྱིར་བོད་ལ་བཀའ་དྲིན་ཆེ་བ་དང་། ལྷག་པར་དུ་སངས་རྒྱས་ཆོས་སྒྲོན་ཁྱོད་དང་ཁྱོད་འདྲ་བ་བོད་ནས་སྐྱབས་བཅོལ་དུ་འབྱོར་བའི་ཕྲུ་གུ་མང་པོ་ཞིག་གིས་བོད་གཞུང་སློབ་གྲྭ་ནས་འབྲས་དང་དཱ་ལི་བཟས། དངོས་གནས་དྲང་གནས་ཡར་བལྟས་ན་ནམ་མཁའ་སྟོང་པ་དང་། མར་བལྟས་ན་ས་གཞི་སྟོང་པ་དེ་འདྲ་སུ་གང་ངོ་མི་ཤེས་པའི་གནས་སྟངས་ཀྱི་སྐབས་སུ་ཁ་ལ་བཟའ་རྒྱུ་དང་། ལུས་ལ་གྱོན་རྒྱུ་སྤྲད། སེམས་དང་ཀླད་པ་ལ་ཤེས་ཡོན་དང་སློབ་སྦྱོང་གི་གོ་སྐབས་སྤྲད་དེ་ས་མཐའ་ནས་ཧ་ཅང་དཀའ་དྲིན་ཆེན་པོ་རེད། དེ་ནི་ང་ཚོའི་དུས་ནམ་ཡང་བརྗེད་ཉན་གྱི་མ་རེད། དེང་སང་སྤྱི་ཚོགས་ནང་ལ་ཕར་ལྟ་ཡོང་དུས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་བྱས་ནས་བོད་པའི་སྤྱི་ཚོགས་ནང་དཔེ་མ་སྲིད་པའི་ཐབས་སྐྱོ་བོ་ཆགས་བསྡད་འདུག ང་ལ་ཁྱོད་རང་ཚོའི་ཡིད་ཆེས་བྱེད་ཀྱི་ཡོད་ན་ཁྱོད་རང་གཙོ་བོར་བྱས་པའི་ཚ་བོ་ཚ་མོ་ཁྱོད་རང་ཚོའི་སྐུ་མཁྱེན་མི་དགོས་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་དེ་དུས་ནམ་ཡང་མ་འཁུར་རོགས་ཞེས་ངས་ཁྱོད་རང་ཚོ་ལ་རེ་འབོད་བྱེད་ཀྱི་ཡིན། ང་ཡི་རེ་བ་འདི་ཡིན་ལ་ང་ཡི་བསླབ་བྱ་ཡང་འདི་གཅིག་པུ་ཡིན། མ་འོངས་པར་ངེས་པར་དགོས་པའི་དུས་སུ་ནང་ཆོས་ཀྱི་ཐོག་ལ་ཚུར་འགྲོ་ནས་ངས་བསླབ་བྱ་བརྒྱག་ཆོག་གི་རེད།
དེ་རིང་ངས་ད་ལྟའི་༸སྐྱབས་མགོན་རིན་པོ་ཆེ་འདི་མདོ་དང་སྔགས་གཉིས་ཀྱི་ཐོག་ནས་ལུང་གིས་ཟིན་ཡོད་པ་འགའ་ཤས་བཤད་འདོད་བྱུང་། ཁོང་ནི་ང་ནང་བཞིན་གྲྭ་ཆས་དང་སྟོད་འགག་སེར་པོ་ཞིག་གྱོན་ནས་འགྲོ་སྡོད་མཁན་སོ་སོའི་སྐྱེ་བོ་ལས་དང་ཉོན་མོངས་པས་ཁེངས་བསྡད་པའི་ཐ་མལ་པ་ང་འདྲ་བོ་ཞིག་གཏན་ནས་མ་རེད། དེ་འདྲ་མིན་པ་དེ་ཁུངས་ལུང་ག་བ་ནས་བསྐྱལ་རྒྱུ་ཡོད་ཟེར་ན། མདོ་སྔགས་གཉིས་ཀ་ནས་ལུང་གིས་ཟིན་པ་ཞིག་ཡིན་པ་རེད། མདོ་ཡི་སྐབས་སུ་༸རྒྱལ་བ་ཡིད་བཞིན་ནོར་བུ་ལུང་གིས་ཟིན་བསྡད་ཡོད་པ་དེ། ངས་སྔོན་མ་ཉིན་ཐོ་ཞིག་བྲིས་ཡོད། ཉིན་ཐོ་དེ་ངས་དེ་རིང་འདི་ལ་མདོར་བསྡུས་ཞིག་ཀློག་གི་ཡིན། དེ་འདྲ་བྱས་པ་ཡིན་ན་ཁྱོད་རང་ལ་ཁ་གསལ་པོ་ཆགས་འགྲོ་གི་རེད་བསམ།
“ཞོགས་པ་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཆུ་ཚོད་ཕྱེད་ཙམ་རིང་བྱས་ནས་ཞོགས་ཟས་སུ་སྦྲང་དཀར་རྩམ་པའི་སྤོད་ཀྱིས་རྒྱན་པའི་ཤིང་ཐོག་དང་། ངང་ལག་སོགས་ཞོགས་ཟས་མདོར་བསྡུས་ཀྱིས་ལྟོ་བ་འགྲང་བར་བྱས་ནས་ནམ་རྒྱུན་གྱི་ཁ་འདོན་རྣམས་ཚར་བར་བྱས། ཟུར་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ནིའུ་ཡོག་ལ་ཡོད་པའི་ངོས་ཀྱི་ངོ་ཤེས་རྙིང་པ་གྲྭ་ཟུར་ཞིག་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་པ་ཡིན་མིན་གྱི་དྲི་བ་ཆེན་པོ་དེ་རེད། ངས་ཀྱང་ནམ་རྒྱུན་བོད་རིགས་རྣམས་ཀྱིས་༧གོང་ས་མཆོག་སྤྱན་རས་གཟིགས་དང་སངས་རྒྱས་ཀྱི་སྤྲུལ་པ་རེད་ཟེར་བ་ཙམ་ལས་མདོ་སྔགས་གང་ནས་ལུང་གིས་ཟིན་ཡོད་མེད་སུ་ལའང་འགྲེལ་བཤད་ཁ་གསལ་མེད་པ་དེ་རེད། དེ་རིང་གོ་སྐབས་འདི་བརྒྱུད་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མདོ་སྔགས་ཁ་ཤས་ནས་ལུང་གིས་ཟིན་པའི་ཉིན་ཐོར་འགོད་རྒྱུ་དེ་ཡིན།”
འདི་ནི་ངས་ཉིན་ཐོ་བྲིས་པའི་རྒྱབ་ལྗོངས་འདྲ་ཡིན། ང་ལ་ནིའུ་ཡོག་ཏུ་གྲོགས་པོ་ཞིག་ཡོད་པ་དེས་ཁ་པར་བཏང་ནས་ཁོས་བསྐུལ་མ་བཏང་བར་བརྟེན་ནས་བྲིས་པ་རེད། ད་མདོའི་ནང་ནས་ལུང་གིས་ཟིན་ན་པ་དེ་ག་རེ་རེད་འདུག་ཟེར་ན། འཇམ་དཔལ་རྩ་རྒྱུད་ལས།
སྟོན་པའི་གསུང་རབ་ས་སྟེང་དུ།། དུས་མཐར་འཇིག་རྟེན་ཉམས་པ་ན།།
སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི།། འབྱུང་བར་འགྱུར་ལ་ཐེ་ཚོམ་མེད།།
ཅེས་གསུངས་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱི་སྟོན་པའི་གསུང་རབ། སྟོན་པའི་གསུང་རབ་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ། ལྷག་པར་དུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བསྟན་པ་དེ་ས་སྟེང་ལ་གནས་རྗེས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ཡི་རྗེས་ནས་ཉམས་རྒྱུ་འགོ་ཚུགས་ཡོང་པ་དང་། ཉམས་རྒྱུ་འགོ་ཚུགས་པའི་སྐབས་དེར་སྡོམ་བཙུན་ཟེར་དུས་དགེ་སློང་གི་ཚུལ་འཛིན་པ་རྒྱལ་པོའི་ཚུལ་ཅན་ཞིག་གིས་རྒྱལ་བའི་བསྟན་པ་དེ་འཛིན་གྱི་རེད་ཅེས་དེ་འདྲ་ཞིག་གསུངས་ཡོད་རེད། དེ་འདྲ་ཡིན་དུས་༸གོང་ས་སྐྱབས་མགོན་རིན་པོ་ཆེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་ནང་ནས་ལུང་གིས་འཛིན་པའི་སྒྲུབ་བྱེད་དེ་རེད། ད་དེ་ནས་སྔགས་ཀྱིས་ལུང་གིས་ཟིན་པའི་སྐོར་དེ་རེད། གུ་རུ་རིན་པོ་ཆེའི་བཀའ་ཐང་སྡེ་ལྔའི་ནང་ནས་བློན་པོ་བཀའ་ཡི་ཐང་ཡིག་གི་ནང་དུ།
དུས་འདིར་འགྱུར་ཞིང་མི་རྟག་སྟེཿ མི་རབས་བཅོ་བརྒྱད་བརྗེས་པའི་དུསཿ
རྒྱ་ནག་འགོང་པོ་མའོ་ཞེས་ནསཿ གནམ་ས་གྲེ་ལོག་བསྒྱུར་བ་འབྱུངཿ
ཞེས་གསུངས། དེའི་སྐབས་སུ་བློན་པོ་བཀའ་ཡི་ཐང་ཡིག་གི་ནང་དུ་དུས་དེ་ལྟར་འགྱུར་ཡོང་བའི་སྐབས་སུ་མི་རབས་བཅོ་བརྒྱད་བརྗེས་པའི་རྗེས་ནས་ང་རང་ཚོའི་བོད་དེ་ཤོར་འགྲོ་བའི་རྟགས་དེ་ཡི་སྐབས་སུ་ནས་གསུང་འདུག དེ་ཡི་སྐབས་སུ་ “རྒྱ་ནག་འགོང་པོ་མའོ་ཞེས་ནས” ཞེས་ཁ་གསལ་པོའི་སྒོ་ནས་སྐབས་དེ་དུས་རྒྱ་ནག་གི་དམར་ཤོག་གི་འགན་འཛིན་མའོ་ཀྲུ་ཞི་ཟེར་བ་མའོ་ཙེ་ཏུང་ཡང་དེའི་ནང་གསལ་པོར་བྱས་ནས་ལུང་བསྟན་འདུག ལུང་གིས་འཛིན་པའི་རྒྱུ་མཚན་ནི་ “མི་རབས་བཅོ་བརྒྱད་”དེ་བགྲང་ཡོང་དུས་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་ཆུང་བ་ལྷ་སྲས་མུ་ནེ་བཙན་པོ་ནས་བཟུང་སྟེ་ད་ལྟའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བར་ལ་མི་རབས་བཅོ་བརྒྱད་དེ་བགྲང་གི་ཡོད་རེད། དེ་བར་གྱི་རྒྱལ་པོ་མཐའ་མ་དེ་༸གོང་ས་སྐྱབས་མགོན་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་ག་བ་ནས་གསུངས་ཡོད་རེད། སུས་སྒྲུབ་ཀྱི་ཡོད་རེད་ཟེར་ན། མཁས་བཙུན་བཟང་པོ་ཟེར་བ་ན་ནིང་ཞེ་ནིང་ཞིག་ལ་གྲོང་བ་རེད། རྙིང་མའི་བླ་མ་མཁས་དབང་ཆེན་པོ་སྔ་མོ་ཇར་པན་(ཉི་ཧོང་།)ལ་བཞུགས་པ་ཁོང་གིས་བོད་ཀྱི་རྒྱལ་རབས་ཤིག་བརྩམས་པ་དེའི་ནང་ལ་ཡོད་པ་ངས་མཇལ་སོང་། དེ་ག་ནང་བཞིན་ཨོ་རྒྱན་པདྨའི་བཀའ་ཐང་བསྡུས་པའི་ནང་དུ་ཡང་འདི་ལྟར་གསུངས་ཡོད།
བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོནཿ རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་འབྱུངཿ
ཞེས་གསུང་བ་སོགས་ལུང་བསྟན་མང་པོ་ཞིག་ཡོད་རེད། དེའི་ནང་ནས་བུམ་ཐང་ཞེས་པ་འབྲུག་ཡུལ་གྱི་ས་ཆ་བུམ་ཐང་གི་ཕྱོགས་ནས་བོད་ཀྱི་རྒྱལ་པོའི་ཁྲི་ཡི་ཟུར་ཆ་འམ་ཆ་ཤས་ཙམ་ཞིག་གནོན་ཐུབ་ཀྱི་རེད། དེ་ལ་འགྲེལ་བཤད་རྒྱག་མཁན་གྱིས་དགོངས་པ་འགྲེལ་ཡོང་དུས་ཁྲིའི་ཟུར་ཆ་གནོན་ཟེར་བའི་ས་ཆ་དེ་རྡ་རམ་ས་ལ་རེད་འདུག བུམ་ཐང་ཟེར་ན་འབྲུག་རེད། འབྲུག་དང་རྡ་རམ་ས་ལ་གཉིས་ཏོག་ཙམ་ཐག་ཉེ་བོ་ཆག་བསྡད་ཡོད་རེད། དེའི་ནང་ལ་རྡ་རམ་ས་ལ་ཞེས་ཟེར་མེད་ནའང་འབྲུག་བུམ་ཐང་གི་ས་ཆ་ཐག་ཉེ་ས་ཞིག་ནས་བོད་ཀྱི་རྒྱལ་པོའི་ཁྲི་ཡི་ཟུར་ཆ་ཙམ་གནོན་ཞེས་གསུངས་ཡོད་པ་དང་། ཁྲི་ཡི་ཟུར་ཆ་གནོན་ཞེས་པའི་ཚིག་འདི་གང་ལ་གོ་དགོས་རེད་ཟེར་ན་དེ་ནི་སྤྱི་ལོ་༡༩༥༩་ལོ་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་ཀྱང་བུམ་ཐང་གི་ཕྱོགས་སམ་བཞུགས་སྒར་རྡ་རམ་ས་ནས་སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཁྲི་ཡི་ཟུར་ཆ་ཙམ་གནོན་ཐུབ་ཞེས་པ་དེ་རེད། རྒྱལ་པོ་དེ་ང་ཡི་སྤྲུལ་པ་ཡིན་ཞེས་དེ་འདྲའི་ལུང་གིས་འཛིན་པ་ཞིག་ཡིན། དེ་བཞིན་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སྤྱི་ལོ་ ༡༦༩༤ ལོར་འཁྲུངས་པ་དང་། ༡༧༥༥ ལོར་འདས་པ་ཁོང་གིས་ཀོང་པོ་བུ་ཆུ་ལྷ་ཁང་ནས་སྤྱན་དྲངས་པའི་འཕགས་མའི་སྒྲུབ་ཐབས་མི་མཐུན་ཀུན་སེལ་གྱི་ལུང་བྱང་ལས།
ད་ལྟའི་མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་མཐུསཿ ཕྲིན་ལས་བྱིན་རླབས་སྒྱུ་མའི་རང་འོད་ཞིགཿ
མདོ་ཁམས་ཤར་ནས་ཕག་གམ་བྱི་ལོ་པཿ རྒྱལ་ལམ་མཚོ་ཞེས་སྨེ་དཀར་དོ་ཤལ་ཅནཿ
གྲགས་སྙན་ལྡན་པ་མཐའ་ནས་དབུས་སུ་འབྱུངཿ བོད་ཡུལ་ཡོངས་ཀྱི་བསྟན་པའི་བདག་པོ་བྱེདཿ
དེ་ལ་སྔོན་ལས་དབང་གིས་རྐྱེན་ཁ་མངཿ མི་དང་མི་མིན་དུ་མས་འཚེ་བར་འགྱུརཿ
ཁྱད་པར་ཉེར་གཅིག་ཉེར་དགུ་ཞེ་དྲུག་དངཿ རང་སྐེག་བདུན་ཟུར་ལོ་དང་དེའི་སྔ་ཕྱིཿ
རྩུབ་ལྡན་ཟློག་ཐབས་རྟེན་འབྲེལ་མ་འཁྲུལ་འབདཿ གདམས་པ་འདི་འཕྲོད་དུས་ཚིག་གང་ཡིན་དེའིཿ
བར་ཆད་ཇི་རིགས་སྨོན་ལམ་དབང་གིས་སེལཿ ཐེ་ཚོམ་ཡིད་གཉིས་མ་གྱུར་ཤིན་ཏུ་གཅེསཿ
ཞེས་གསུང་པའི་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ཁོང་གི་གཏེར་མ་ཞིག་ཡོད་པ་དེའི་ནང་གི་རེད། དེའི་ནང་༸སྐྱབས་མགོན་རིན་པོ་ཆེའི་ལོ་རྟགས་ཕག་ཡིན་པ། ཁོང་ཆུང་དུས་ཀྱི་མཚན་ལ་ལྷ་མོ་དོན་གྲུབ་འབོད་པ།
དང་པོ་འཁྲུངས་ས་ཨ་མདོ་ནས་ཡིན་པ་དང་། བར་དུ་ཐོས་བསམ་སོགས་འཆད་ཉན་དབུས་ལ་གནང་བ། མཐར་སངས་རྒྱས་བསྟན་པའི་མཛད་ཕྲིན་རྣམས་ཕྱི་ལོགས་ལ་རྒྱས་འགྲོ་གི་རེད་གསུངས་ཡོད་པ་དང་། རྒྱལ་པོ་དེ་ལ་ཕྱི་དང་ནང་གི་རྐྱེན་བར་ཆད་དཔེ་མང་པོ་ཡོང་གི་ཡོད་པ། རྐྱེན་བར་ཆད་དེ་དག་ལས་བཟློག་ནས་སྐུ་ཚེ་བརྟན་པ་ཡིན་ན་བོད་དེ་ཁོང་གིས་སྐྱོབ་ཐུབ་ཀྱི་རེད། བོད་སྐྱོབ་པ་མ་ཟད། འཛམ་གླིང་ཚང་མ་ལ་དེས་ཕན་ཐོག་གི་རེད་ཅེས་ཧ་ཅང་གསལ་པོར་གསུང་འདུག དེ་འདྲ་ཡིན་དུས་ངས་ལུང་བྱང་འདི་ཉིད་ག་བ་ནས་རྙེད་པ་རེད་ཟེར་ན། ནང་ཆེན་འབྲོང་པ་རྒྱལ་པོས་ལོ་རྒྱུས་ཀྱི་དེབ་ “བོད་ལྗོངས་མདོ་ཁམས་ནང་ཆེན་སྤྱི་དང་བྱེ་བྲག་གི་བྱུང་བ་བརྗོད་པ་ལྡོང་འབྲོང་པའི་དེབ་གཏེར་སྨུག་པོ་”ཞེས་པ་བརྩམས་པ་ལས་གསལ་ཡོད་རེད། དེ་ངས་ཆ་ཚང་མཐོང་སོང་། ངས་ད་དུང་མ་མཐོང་བ་དང་མ་ཐོས་པ་དེ་འདྲ་མང་པོ་ཡོད་ཀྱི་རེད། དེ་འདྲ་ཡིན་དུས་ང་རང་གིས་གང་མཐོང་བ་དང་ཐོས་པ་རྣམས་ཆོས་གྲོགས་ལ་བསྐུར་བའི་ཆེད་དུ་ཉིན་ཐོར་དེ་འདྲ་ཞིག་བྲིས་པ་ཡིན།
དེ་འདྲ་ཡིན་དུས་སངས་རྒྱས་ཆོས་སྒྲོན་ཁྱོད་གཙོས་པའི་ང་ཡི་ཚ་བོ་དང་ཚ་མོ་ཁྱོད་ཚོ་དེང་སང་ས་ཆ་མ་འདྲ་བསྡོད་ཀྱི་ཡོད་རེད། མི་རིགས་འདྲ་མིན་སྣ་ཚོགས་ལ་ཐུག་གི་ཡོད་རེད། ཉིན་གཅིག་ལ་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ལ་སྐུར་འདེབས་དང་ལོག་ལྟ་བྱེད་མཁན་གྲོགས་པོ་ངན་པ་དེ་འདྲ་དང་ཐུག་མི་སྲིད་པ་མ་རེད། དེའི་སྐབས་སུ་གྲོགས་ངན་གྱིས་བསླད་ནས་ཁྱེད་རང་ཡང་དེ་ལྟར་མི་འགྱུར་བའི་ངེས་པ་མེད་པ་རེད། ལྷག་པར་དུ་བོད་པ་དེ་ཚོ་དེང་སང་སྨྱོན་པ་འདྲ་བོ་ཆགས་འདུག་ག། ལྷག་པར་དུ་བོད་ཀྱི་ཕྱི་ལོགས་ལ་སྡོད་མཁན་བོད་པ་ཚོ་དཔེ་མ་སྲིད་པའི་ཐབས་སྐྱོ་བོ་རེད་ཤག དངོས་གནས་དྲང་གནས་དེང་སང་སྤྱི་ཚོགས་དྲྭ་རྒྱའི་ནང་ནས་ཁོང་ཚོས་བཤད་པའི་སྐད་ཆ་ལ་ཉན་དགོས་ན་མི་གཅིག་ལའང་རྒྱུ་མཚན་ལྡན་ཅིང་དཔྱད་འོས་ཅན་གྱི་སྐད་ཆ་བཤད་རྒྱུ་མི་འདུག དོན་མེད་པའི་ཆོལ་ཁ་དང་། ཆོས་ལུགས། རང་ཕྱོགས་དང་། གཞན་ཕྱོགས་ཆགས་སྡང་གི་གཏམ་ངན་རྐྱང་རྐྱང་བཤད་ནས་དཔེ་མ་སྲིད་པའི་ཐབས་སྐྱོ་བོ་རེད་ཤག ནམ་ཞིག་ཁྱོད་རང་ཚོའི་སེམས་ལའང་ཆོལ་ཁ་དང་། ཆོས་ལུགས་ལུང་ཚན་བྱེ་བྲག་པའི་གདོན་འདྲེ་སེམས་ལ་ཞུགས་ནས་གདོན་འདྲེ་དེ་རྣམས་ཀྱི་རྗེས་སུ་འབྲངས་ནས་༸སྐྱབས་མགོན་རིན་པོ་ཆེ་ལ་དད་པ་ལོག་པ་དང་། ཧ་ཅང་དད་པ་ལོག་མ་སོང་ནའང་ཐེ་ཚོམ་སྐྱེས་ནས་འདི་ག་རེ་ཡིན་ན་དངོས་གནས་ཡིན་ན་མིན་ན་བསམ་ནས་ཐེ་ཚོམ་ཡོང་མ་སྲིད་པ་མ་རེད། དེ་འདྲ་ཡིན་དུས་དེ་འདྲ་རྩ་བ་ནས་མ་ཡོང་བ་བྱེད་རོགས་ཞེས་ངས་སྨོན་ལམ་འདེབས་ཀྱི་ཡིན། ཁྱོད་རང་ཚོའི་མི་རྒྱུས་མེད་ལ་ཡིད་ཆེས་བྱེད་དགོས་མ་རེད། ང་ལ་ཡིད་ཆེས་གྱིས་དང་ངས་ཁྱེད་རང་ཚོ་ནམ་ཡང་བསླུ་མི་ཡོང་ཤེས་སོང་ངམ། ཁྱོར་རང་ཚོ་ཆུང་ཆུང་ཡིན་པའི་སྐབས་སུ་བོད་གཞུང་དང་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ངས་གོང་དུ་བཤད་པ་ལྟར་ཁ་ལ་ཟས་དང་། རྒྱབ་ལ་གོས། ཀླད་པར་ཤེས་ཡོན་སོགས་སྤྲད་པ་རེད། མི་གཞན་གྱིས་བརྒྱ་བཤད་ནའང་འདྲ། སྟོང་གླེང་ནའང་འདྲ་ང་ཚོ་བོད་རིགས་ཚང་མ་དང་ལྷག་པར་ཕྱིས་སུ་བོད་ནས་སྐྱབས་བཅོལ་ལ་ཡོང་མཁན་ཞིག་ཡིན་ནས་བཟུང་སྟེ་རྒྱལ་བ་རིན་པོ་ཆེ་ཁོང་གིས་བཙུགས་བཞག་པའི་བོད་གཞུང་འདི་ལས་བཀའ་དྲིན་ཆེ་ས་ཞིག་ཡོད་མ་རེད། དེ་དངོས་ཡོད་གནས་ཚུལ་ངོ་མ་རེད། དེ་འདྲ་ཡིན་དུས་ཁྱོད་རང་ཚོ་ཡིན་ན་ཡང་ནམ་རྒྱུན་རང་ཚུགས་བརྟན་པོ་ཟུངས་། དུས་རྒྱུན་མི་ཡ་རབས་ཚད་ལྡན་དེ་འདྲ་མཉམ་དུ་གྲོགས་པོ་བྱེད་དགོས་རེད། གྲོགས་བཟང་ངན་ཟེར་བ་དེ་ཧ་ཅང་ནས་གལ་གནད་ཆེན་པོ་རེད་ཤག
གུང་ཐང་ཚང་གི་བསླབ་བྱ་ལས་འདི་འདྲ་གསུངས་ཡོད་པ་རེད།
སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས།། གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས།།
རྩེ་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི།། ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས།།
འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང་།།
གང་ལྟར་ཀྱང་ད་ལྟའི་བཙན་བྱོལ་བོད་གཞུང་འདི་ང་ཚོ་བོད་རིགས་སྐྱབས་བཅོལ་བ་རྣམས་ལ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་སྐྱབས་མགོན་རིན་པོ་ཆེ་དང་མི་ཐོག་གོང་མ་རྣམས་ཀྱིས་རྔུལ་ནག་ཁྲག་གི་ཐིགས་པས་དཀའ་ལས་རྒྱབ་ནས་བཙུགས་བཞག་པའི་གཞུང་རེད། སོ་སོ་བོད་རིགས་ཞིག་ཡིན་པ་དང་། ལྷག་པར་དུ་མགོ་ནང་ལ་ཀླད་པ་དང་། བྲང་ཁོག་ནང་ལ་སྙིང་ཡོད་མཁན་ཞིག་ཡིན་ནས་བཟུང་སྟེ། དེ་ལ་ཕན་མ་ཐོག་ནའང་གནོད་སྐྱེལ་བའི་ལས་ཀ་མ་བྱེད་རོགས། དེང་སང་འགའ་ཤས་ཀྱིས་སྐྱབས་བཅོལ་བའི་བོད་གཞུང་འདི་ལས་ཀྱང་སོ་སོའི་ཡོང་ཁུངས་ལུང་ཚན་བྱེ་བྲག་བ་རེ་གལ་ཆེན་དུ་བཟུང་ནས་དེ་ལ་ཧ་ཅང་ཞེན་འགོག་ཆེན་པོ་བྱེད་ཀྱི་འདུག། དེ་ནི་ཡག་པོ་བསམ་བློ་གཏང་ན་གླེན་པའི་ལས་ཀ་རང་རེད། དཔེར་ན་ཤིང་སྡོང་གི་རྩ་བ་སྐམ་སོང་ན་ཡལ་ག་དང་ལོ་མ་རྣམས་རང་བཞིན་གྱིས་སྐམ་འགྲོ་གི་རེད་བ། མི་ཞིག་གིས་ངས་ཤིང་ཐོག་བཟའ་དགོས་ཡིན་ནའང་ཤིང་སྡོང་བདག་པོ་རྒྱག་གི་མིན་ཟེར་ན་གང་འདྲ་རེད། དེ་ནི་སྤྱི་རྟ་སྒལ་ཆད་ཟེར་བ་དེ་རེད། ང་རང་ཚོ་བོད་གཞུང་འདི་ཡག་པོ་བྱུང་བ་ཡིན་ན་དེའི་ཞོར་དུ་ཆོལ་ཁ་དང་ཆོས་རྒྱུད་རྣམས་རང་བཞིན་གྱིས་ཡག་པོ་ཡོང་གི་རེད། དེ་ཡག་པོ་མ་བྱུང་ན་ཡན་ལག་གི་ཆོལ་ཁ་དང་ཆོས་ལུགས་བྱེ་བྲག་པ་རྣམས་རང་བཞིན་གྱིས་ཡག་པོ་ཡོང་གི་མ་རེད། ང་རང་སྤྱིར་བོད་པ་རྣམས་དང་། ལྷག་པར་དུ་ཕྱིས་སུ་བོད་ནས་གསར་དུ་འབྱོར་མཁན་རྣམས་ཀྱིས་མ་མཐའ་ཡང་དུས་རྒྱུན་དུ་བཙན་བྱོལ་བོད་གཞུང་འདི་དང་། རྒྱལ་བ་རིན་པོ་ཆེ་འདི་གཉིས་ལ་བཀའ་དྲིན་རྗེས་དྲན་བྱས་པ་དྲིན་བཟོའི་བསམ་ཤེས་ཞིག་ངེས་པར་བྱེད་དགོས་རེད།
དེ་མེད་ན་མི་དེ་ཕོ་མཐའ་རེད། ཐ་ཤལ་རེད། མ་རབས་རེད།
དེའང་ཇི་སྐད་དུ།
བྱས་པ་ཤེས་ཤིང་དྲན་བཟོ་བ། མི་ལ་དཔལ་མགོན་ཉེ་བར་གནས།
ཞེས་གསུངས་པ་ལྟར་ང་རང་ལ་དཀའ་ངལ་ཆེ་བའི་སྐབས་སུ་སུས་རོགས་རམ་བྱས་ཡོང་ན་དེ་དུས་ནམ་ཡང་བརྗེད་མི་ཉན་པ་རེད། དེ་བརྗེད་ནས་དེ་ལ་དྲིན་ལན་ལོགས་མཇལ་བྱས་ན་མི་དེ་འཇིག་རྟེན་མི་ལུགས་ནས་ཧ་ཅང་མི་ཐབས་སྡུག་ཞིག་རེད། གལ་ཏེ་དེ་འདྲ་བྱས་ན་དྲིན་ལན་ལོག་འཇལ་ཟེར་བ་དེ་རེད། བཀའ་དྲིན་བསབ་རྒྱུ་མེད་པར་དྲིན་ལན་ལོག་འཇལ་ཟེར་བ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་རེད། དེང་སང་གཞོན་སྐྱེས་མང་པོ་ཞིག་ལ་དེ་འདྲ་ཆགས་བསྡད་འདུག ངས་ཧ་གོ་གི་ཡོད། འོ་དེ་འདྲ་ཡིན་དུས་ང་ལ་ཡིད་ཆེས་བྱེད་མཁན་ཚ་བོ་དང་ཚ་མོ་སངས་རྒྱས་ཆོས་སྒྲོན་དང་དགའ་སྐྱིད་གཉིས་གཙོར་བྱས་པའི་ཁྱེད་རང་ཚ་བོ་ཚ་མོ་ཚང་མ་ལ་ངས་དེ་ལྟར་འབོད་སྐུལ་ཞུ་གི་ཡིན། ངའི་བསླབ་བྱ་དང་པོ་དེ་ཁྱོད་ཚོ་ས་ཆ་གང་དུ་བསྡད་པ་ཡིན་ཡང་། སུ་དང་འགྲོགས་པ་ཡིན་ཡང་། ལས་ཀ་ག་འདྲ་ཞིག་བྱེད་པ་ཡིན་ཡང་། དུས་ནམ་ཡང་ད་ལྟའི་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་དང་། ཁོང་གིས་བཙུགས་གནང་བའི་བོད་གཞུང་དེ་ལ་དྲིན་ལན་བཟང་མཇལ་གྱི་ཚུལ་དུ་ལྷག་བསམ་རྣམ་དག་གིས་ཁུ་ཚུར་སེན་མོའི་རྒྱབ་བརྟེན་དང་རོགས་པ་བྱེད་དགོས། གལ་སྲིད་དེ་ལྟར་མེད་ནའང་། དེ་ལ་ངན་སྨྲས་དང་། རྡོག་རོལ་དང་། སྨ་འབེབས་དེ་འདྲ་མ་བྱེད་རོགས་ཞེས་སྙིང་ཁོངས་རུས་པའི་གཏིང་ནས་འབོད་སྐུལ་དང་བསླབ་བྱ་དང་པོ་དེ་ཡིན། མཐར་ཁྱོད་ཚོ་ཚང་མ་ལུས་སེམས་བདེ་སྐྱིད་ལྡན་པའི་རེ་བ་དང་སྨོན་ལམ་ཞུ་གི་ཡིན།
བཀྲ་ཤིས་བདེ་ལེགས།
གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་སུ།།

ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།།

དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང།།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།།

སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་།།
བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་།།
བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡི།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།།།

༼ཟུར་མཆན། ཉིན་ཐོ་འདི་ནི་ངག་ཐོག་ནས་བཤད་པའི་སྒྲ་གཞན་གྱིས་ཡིག་ཐོག་ཏུ་ཕབས་ནས་རྗེས་སོར་ཉིན་ཐོར་བཀོད་པ་ལས་ཉིན་ཐོ་བདག་པོ་རང་ཉིད་ཀྱིས་ཡིག་ཐོག་ཏུ་བྲིས་པ་མིན་པར་ཤེས་དགོས།