དགོང་མོའི་ཁ་འདོན་དང་ཆོས་ཕྱོགས་ཀྱི་ལས་ཀ་རྣམས་ཚར་མ་ཐག་སྐད་ཕྲིན་ནང་ནས་ཙིར་སྒྲ་རྒྱུན་མ་ཆད་པ་ཞིག་ཡོད་པ་དེ་ནི་བོད་ལ་ཡོད་པའི་ངོས་ཀྱི་སྤུན་མཆེད་རྣམས་ནས་སྐད་དང་པར་སྐུར་བ་སོགས་རེད་འདུག དེ་ནི་ང་ཡི་མ་རྒྱུད་ནས་འབྲེལ་བ་ཡོད་པའི་སྤུན་མཆེད་ཞིག་རེད་འདུག།ཁོང་ནས་ཟེར་ན་སྡེ་དགེ་ཞེ་ཆེན་དགོན་གྱི་པར་དང་བརྙན་ཐུང་སོགས་ལ་འབྲེལ་བ་ཡོད་པའི་སྐད་ཆ་ཞིག་རེད་འདུག།
སྡེ་དགེ་ཞེ་ཆེན་དགོན་ནི་སྔ་འགྱུར་རྙིང་མའི་མ་དགོན་དྲུག་ལས། སྟོད་ནས་རྡོར་སྨིན་གཉིས་དང་། སྨད་ནས་ཀཿ་དཔལ་གཉིས། བར་ནས་ཞེ་རྫོགས་གཉིས་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་རྒྱལ་བ་ཟེ་ཆེན་པའམ་ཡོངས་གྲགས་སུ་ཞེ་ཆེན་དགོན་པའི་སྐོར་རེད། ང་ནི་སྐྱེ་ཡུལ་ཁམས་ནང་ཆེན་ནས་ཡིན་ཀྱང་རིག་གསར་དུས་འགྱུར་རྗེས་སུ་སྡེ་དགེའི་ཕྱོགས་སུ་ནང་ཆོས་ལ་ཐོས་འཚོལ་ཆེད་དུ་མང་པོ་འཁྱམས་མྱོང་ཡོད། སྤྱིར་ཁམས་ཕྱོགས་ནས་གནའ་སྔ་མོར་རྒྱལ་ཕྲན་དང་། དཔོན་མགོ་སོགས་མང་བའི་ཡུལ་ལུང་ཞིག་ཡིན་ཀྱང་དེའི་ནང་ཚན་ནས་ནང་ཆེན་དང་སྡེ་དགེ་གཉིས་ནི་འབྲེལ་ལམ་ཧ་ཅང་ཟབ། དུས་འགྱུར་མ་བྱུང་བའི་གོང་དུ་ནང་ཆེན་རྒྱལ་རབས་དྲུག་བཅུ་རེ་བརྒྱད་པ་ཆོས་རྒྱལ་ཆེན་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་ལ་སྡེ་དགེ་རྒྱལ་པོའི་སྲས་མོ་གཡུ་སྒྲོན་བཙུན་མོར་ཁབ་ཏུ་བསུས་ནས་དེ་ནས་བཟུང་སྟེ་སྡེ་ནང་གཉིས་ཞེས་དགྲ་ལ་ཐུག་ན་མདུང་སོ་མཉམ་སྟོན་དང་། གྲོགས་དང་འཕྲད་ན་ཇ་ཆང་མཉམ་འཐུང་གི་དཔེ་ལྟར་དུ་གཉེན་ཚན་དུ་གྱུར། ལྷག་པར་དུ་སྡེ་དགེ་ནི་དུས་རབས་བཅུ་དགུ་དང་ཉི་ཤུ་པའི་ནང་ལ་བཀའ་རྙིང་གཉིས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་མང་པོ་ཞིག་འཁྲུངས་ས་དང་མཁྱེན་ཀོང་མཆོག་གསུམ་གཙོས་རྩོད་མེད་ཀྱི་མཁས་པ་དང་། རིས་མེད་ཀྱི་བླ་མ་མང་པོ་ཞིག་གི་གདན་ས་བྱིན་རླབས་ཅན་མང་པོ་ཡོད་སྟབས་བདག་ལྟ་བུ་རིག་གསར་རྗེས་ནས་དུས་ལོག་མགོ་འབུར་གཞོན་སྐྱེས་ན་གཞོན་རྣམས་ལ་ལྟོས་ན་སྡེ་དགེ་ནི་ཁམས་ཕྱོགས་ནས་རང་འདྲའི་བློ་གསལ་སྦྲང་མའི་ཚོགས་རྣམས་འཕུར་ལྡིང་བྱེད་ཅིང་ནང་བསྟན་གྱི་མེ་ཏོག་སྣ་ཚོགས་ཀྱི་རྩི་བཅུད་ལ་རོལ་སའི་ལྡུམ་ར་ཆེན་པོ་ཞིག་ཏུ་གྱུར་ཡོད།
ལྷག་པར་དུ་ངོས་ཀྱི་ཨ་ཞང་བླ་མ་དགེ་འཕེལ་ནི་ཞེ་ཆེན་རྒྱལ་ཚབ་སྐུ་གོང་མའི་སྐུ་མཆེད་ཡིན་སྟབས་རིག་གསར་གོང་ནས་ཞེ་ཆེན་དགོན་པར་བཞུགས་ནས་རིག་གསར་རྗེས་སུ་ཞེ་ཆེན་དགོན་གྱི་བསྟན་པའི་བདག་པོར་གྱུར། ཕལ་ཆེར་སྤྱི་ལོ་༡༩༨༥ ཙམ་ཞིག་ལ་བླ་དགེ་འཕེལ་སྡེ་དགེ་ནས་ནང་ཆེན་ལ་གཞིས་སྐོར་ལ་ཕེབས་སྐབས་ང་ཁོང་གི་ཞབས་ཕྱིའི་ཚུལ་དུ་མགར་དགོན་པར་མཉམ་དུ་སོང་། སྐབས་དེ་དུས་ང་ལོ་ན་བཅོ་ལྔ་ཙམ་ལ་ལས་མ་ཕྱིན་པའི་གྲྭ་ཆུང་ཞིག་ཡིན་ཀྱང་ཆུང་དུས་ནས་དགོན་པར་ཞུགས་པའི་དྲིན་གྱིས་དགོན་ཞབས་དགོན་པའི་དུས་མཆོད་ཀྱི་བཅའ་འདོན་རྣམས་དེ་དུས་ནས་རང་མགོ་ཐོན་ཙམ་ཡོད། དུས་དེ་ནས་བཟུང་སྟེ་བླ་མ་དགེ་འཕེལ་ནི་རང་གི་ཨ་མའི་ཕྱོགས་ནས་གཉེན་ཚན་སྤུན་མཆེད་ཐག་ཉེ་བོ་ཅན་ཞིག་ཡིན་སྟབས་ངས་ཀྱང་ཁོང་དུས་དེ་ནས་བཟུང་སྟེ་ཨ་ཞང་ཡིན་ཤག་དང་། ཁོང་ནས་ཀྱང་ང་ལ་ཚ་བོའི་འདུ་ཤེས་བཟུང་།
དེ་ནས་བཟུང་སྟེ་ང་ཡང་རི་དེ་ལ་འཁོར་བའི་ཤྭ་ཁྱུ་ཞེས་པའི་དཔེ་ལྟར་ཨ་ཞང་བླ་མའི་ཞབས་ཕྱིའི་ཚུལ་དུ་ངོས་ཀྱི་བློ་ཐུབ་ཀྱི་ཆོས་གྲོགས་དམ་པ་བླ་མ་བདུད་འདུལ་ལམ་འཇའ་ཚོན་སྤྲུལ་སྐུ་དང་ལྷན་༡༩༨༧་ལོར་མཚོ་སྔོན་ཞིང་ཆེན་ཆབ་ཆ་ཕྱོགས་སུ་ཟླ་ཤས་སོང་དེ་ནས་རིམ་བཞིན་སྡེ་དགེ་ཞེ་ཆེན་དགོན་པར་སོང་ནས་ཨ་ཞང་བླ་མའི་སྤྱན་གྱིས་དེ་ཙམ་མི་གཟིགས་སྟབས་ངེད་གཉིས་ནས་གང་དྲག་གིས་ཞབས་ཕྱི་ཞུས། དེ་ནས་བཟུང་སྟེ་ཞེ་ཆེན་དགོན་པའི་བླ་གྲྭ་མང་པོ་ཞིག་ངོ་ཤེས་སུ་གྱུར། ཕྱིས་སུ་རང་ཉིད་གཅིག་པུ་ཞེ་ཆེན་དགོན་པར་ཐེངས་གཉིས་པར་སོང་ནས་བཤད་གྲྭར་བསྡད་ནས་ནང་ཆོས་ལ་སློབ་གཉེར་བྱས་པས་སྐབས་དེ་དུས་སྔར་གྱི་ངོ་ཤེས་ཆོས་གྲོགས་རྣམས་ཕན་ཚུན་བླ་མ་གཅིག་གི་སློབ་མར་གྱུར་ནས་དམ་མཐུན་གྱི་ཆོས་གྲོགས་བློ་ཐུབ་ཀྱི་གྲོགས་མང་པོར་གྱུར། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་ཨ་ཞང་བླ་མ་དགེ་འཕེལ་རྒྱ་གར་ལ་ཕེབས་བཞུད་སྐབས་སུ་རླངས་འཁོར་བརྡབ་རྐྱེན་གྱིས་གློ་བུར་དུ་གཤེགས་རྗེས་ངོས་ཀྱང་བྱེའུ་ཕྲུག་ཨ་མ་ཁྲས་ཁྱེར་བ་ནང་བཞིན་སྐྱབས་ས་རྟེན་གནས་གང་ཡང་མེད་པ་ཡང་སྐྱར་དྭ་ཕྲུག་ཞིག་ཏུ་གྱུར། ལས་དབང་ལྡོག་མེད་འཕོར་རླུང་གིས་དེད་ནས་ཆོས་རྭ་ཁྲ་མོ་དང་སྙིང་ནས་གཅེས་པའི་ཆོས་གྲོགས་རྣམས་དང་འདུས་པའི་ཐ་མ་བྲལ་ཞེས་པའི་དགུ་ཚིག་སྐྱ་མོ་འདིའི་ལམ་སྣེ་ལ་འཇུས་ཞིང་བར་ལམ་མི་འདོད་བཞིན་དུ་ས་མཐར་འཁྱར་ནས་མི་ལོ་ཉི་ཤུ་རྩ་གྲངས་རིང་གནས་ལ་ངེས་མེད་ཤར་ནུབ་མང་པོ་དང་། གྲོགས་ལ་ངེས་མེད་མགོ་སེར་ནག་སོགས་ཚེ་འདས་བར་དོར་འཁྱམས་པ་ལྟ་བུའི་ལས་རླུང་དྲག་པོའི་ཁྲོད་ནས་བོད་ལ་བཞུགས་པའི་ཆོས་གྲོགས་རྣམས་དང་རང་བཞིན་གྱིས་ཁ་བྲལ་དུ་གྱུར་ནས་ཕན་ཚུན་འབྲེལ་མཐུད་ཆད། དེ་དང་ཆབས་ཅིག་ཞེ་ཆེན་དགོན་པའི་ཆོས་གྲོགས་རྣམས་ཀྱང་ཡུལ་དུས་ཀྱིས་བསྐལ་ནས་དུས་ཡུན་རིང་པོར་འབྲེལ་བ་བྱེད་ཐུབ་མ་སོང་། འོན་ཀྱང་ཉེ་བའི་ཆར་ནང་ཆེན་ནས་ངོས་ཀྱི་སྤུན་མཆེད་དང་ཨ་ཞང་བླ་མ་དགེ་འཕེལ་གྱི་ཚ་བོ་ཞིག་དང་སྐད་འཕྲིན་རྒྱུད་ནས་འབྲེལ་བ་བྱུང་བས་སྐབས་དེ་དུས་ཁོང་ནས་ཞེ་ཆེན་དགོན་མཁན་སྤྲུལ་ཚུལ་ཁྲིམས་རྒྱ་མཚོའི་འབྲེལ་མཐུད་ཨང་གྲངས་དེ་སྤྲད་བྱུང་བས་ཁོང་གི་རྒྱུད་ནས་ཞེ་ཆེན་དགོན་པའི་ཆོས་གྲོགས་རྣམས་དང་འབྲེལ་བ་བྱེད་ཐུབ་ཙམ་བྱུང་།
དུས་ཀྱི་འཕོ་འགྱུར་དང་། ཁོར་ཡུག་གི་འགྱུར་ལྡོག་ནི་ཇི་འདྲའི་རྐྱེན་པ་ལ། སྐབས་དེ་དུས་ལྟོ་སྐྱ་གོས་ཧྲུལ་བྱེད་ནས་གཞུང་ལུགས་ལ་གུས་རྟགས་ཀྱིས་བརྩོན་འགྲུས་བྱེད་མཁན་འཛིན་གྲྭ་གཅིག་པའི་ཆོས་གྲོགས་གྲྭ་ཆུང་ཕལ་མོ་ཆེ་ད་ལྟ་མཁན་ཆེན་དང་། སྤྲུལ་སྐུ་མིང་ཆེན་པོ་ཅན་ཤ་སྟགས་ཆག་ཚར་འདུག མང་པོ་ཞིག་ནས་བྱ་བ་ལས་ཀྱི་འཁོར་ལོའི་ཆ་ཤས་ཞེ་ཆེན་དགོན་ནང་དུ་ལྷ་ཁང་མང་པོ་གསར་རྒྱག་གནང་བ་དང་། བཤད་གྲྭ་ཡར་རྒྱས་གཏང་བ་སོགས་དགོན་པར་ཕན་ཐོག་ཆེན་པོའི་རླབས་ཆེན་གྱི་ཕྱག་ལས་མང་པོ་གནང་འདུག།ཁོང་རྣམ་པ་བླ་མ་རེ་རེའི་དགོན་ནང་དུ་སྔར་མེད་གསར་གཞེངས་གནང་བའི་སྐོར་ལ། བཤད་གྲྭ་ཕྱི་ནང་ཡོངས་རྫོགས་གསར་གཞེངས་དང་། སྒྱུ་འཕྲུལ་ལྷ་ཁང་། ཟངས་མདོག་དཔལ་རིའི་ཞིང་བཀོད། སྒྲུབ་ཁང་། མ་ཎི་འཁོར་ཆེན་སོགས་རེད་འདུག། སྡེ་ཚན་རེ་རེའི་འགྲོ་སོང་ལ་རྒྱ་སྒོར་ཁྲི་སྟོང་ཕྲག་མང་པོའི་སྐད་ཆ་བཤད་ཡོང་དུས་ད་གཟོད་གཞི་ནས་རང་ངོས་རང་གིས་ཟིན་ནས་ང་ནི་ཤེས་འཇོན་ནུས་གསུམ་གང་ཡང་མེད་པའི་སྤྲང་རྒན་ཅིག་ཡིན་པ་ཧ་གོ་སོང་། ཡིན་ནའང་གླིང་སྒྲུང་ལས། རྟ་གཅིག་དང་མི་འདྲ་རྐྱང་སྐྱིད། མི་གཅིག་དང་མི་འདྲ་གེ་སར་ཟེར་བ་ལྟར་ཡིན་པས་རང་གི་ཚེ་སྔོན་ཡ་ཐོད་རིས་མོ་གང་འདྲ་བྲིས་པ་ལས་དེ་ལ་སུས་ཀྱང་བསྒྱུར་དུ་མི་བཏུབ་པ་ནི་སྔ་ནས་ཤེས་ཡོད། གང་ལྟར་གསེར་ཕྲུ་རྒྱ་ཕིག་མང་པོ་གསར་གཞེངས་དང་། སློབ་ཕྲུག་སྟོང་ཕྲག་མང་པོ་ཡོད་པའི་བླ་ཆེན་ཞིག་མ་ཆག་པ་ལ་འགྱོད་གདུང་མེད་པ་མ་ཟད་བསྟན་འགྲོའི་དོན་ལ་འདས་པའི་ལོ་མང་རིང་རང་ནུས་འཇོན་ཚོད་གང་བྱས་རྣམས་ལ་རང་གིས་རང་ལ་རྗེས་སུ་ཡི་རངས་བྱས་ནས་གུ་ཡངས་བློ་བདེའི་ངང་བསྡད་ཡོད།
༡༩༥༩་ལོའི་རྗེས་སུ་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་རིག་གསར་ཀླ་ཀློའི་བསྟན་པ་རྨང་ནས་བཤིགས་ཚར་རྗེས། སྡེ་དགོན་གཉིས་ཀ་ཤིན་ཏུ་ཉམས་དམས་པའི་སྐབས་སུ་བསྟན་དགོན་ལ་ལྷག་བསམ་དུང་བས་དཀར་བའི་གྲྭ་བཙུན་འགའ་ཡིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་ཕྱོགས་གང་ཐད་ནས་དགོན་པར་འཛུགས་སྐྲུན་དང་ཡར་རྒྱས་གཏང་ཡོད་པ་ནི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། ལྷག་པར་དུ་སྤྲུལ་རྒྱུད་མང་པོའི་མིང་འཛིན་དང་། བསྟན་བདག་དགོན་དཔོན་སོགས་གང་ཡང་མིན་པར་གྲྭ་རྐྱང་དཀྱུས་མ་འགའ་ཡིས་ལྷག་བསམ་སླད་མེད་ཀྱིས་རང་དགོན་ཉག་ཕྲ་མོའི་སྐབས་སུ་ཆད་ས་ལ་མཐུད། བུག་ས་ལ་བླན་ཞེས་པའི་དཔེ་ལྟར་ཞེ་དགོན་གཅིག་པུ་མ་ཡིན་པས་ངོས་ཀྱི་ཕ་དགོན་གཙོ་བྱས་གང་སར་མཐོང་རྒྱུ་ཡོད་པས་དེ་ལ་རྗེས་སུ་ཡི་རངས་དང་གུས་བཀུར་ཆེ་བསྟོད་ངེས་པར་བྱེད་དགོས་པར་སྣང་། འོན་ཀྱང་ཆེས་ཐབས་སྡུག་ཞིག་ལ་དེ་ལྟ་བུའི་སྡེ་དགོན་ཆེད་དུ་སྐུ་ངལ་ཚད་མེད་སྐྱོན་མཁན། མཁན་སྤྲུལ་བླ་མ་བཀའ་དྲིན་ཅན་རྣམས་ལ་བྱས་པ་དྲིན་བཟོའི་ཚབ་ཏུ་དེང་སང་བོད་ཁམས་ཀུན་ཏུ་མི་འདོད་པའི་སྟིང་ཚིག་ཏུ་༼རྒྱ་བླ༽ཞེས་འབོད་ནས་རྒྱ་ཡུལ་འགྲིམ་པ་ཙམ་གྱིས་གང་ཟག་དེ་ཟོག་པོ་དང་། ལྟ་ལོག། དམ་ཉམས། སྡོམ་ཤོར་དུ་ངོས་འཛིན་བྱེད་པ་ནི་ཆེས་ཐབས་སྡུག་ཞིག་རེད་བསམ།
གང་ལྟར་ངོས་ཀྱི་མཆེད་གྲོགས་རྣམས་ནི་ཞེ་ཆེན་དགོན་པའི་བསྟན་པ་སླར་གསོ་གནང་ནས་སྡེ་དགོན་གཉིས་ཀར་ཕན་ཐོག་ཆེན་པོ་ཅན་ཤ་སྟགས་གྱུར་འདུག ཁ་སང་གི་སྐད་ཕྲིན་ནང་ནས་གསར་དུ་རྙེད་པའི་ལྟོ་གོས་ཧྲུལ་བྱས་ནས་ལོ་རབས་བརྒྱད་བཅུའི་ནང་ནང་ཆོས་ལ་ཐོས་བསམ་མཉམ་དུ་བྱས་པའི་ངོས་ཀྱི་ཆོས་གྲོགས་འདི་རྣམས་ནི་དེང་སང་སྟོང་ལོ་ཉེར་གཉིས་པའི་ཨ་གསར་ངོ་གཉིས་ཅན་གྱི་ཇ་ཚེའི་གནས་སྐབས་བསླུ་གྲོགས་ཅན་རྣམས་དང་གཏན་ནས་བསྡུར་ཐབས་མེད། ཆོས་གྲོགས་དེ་རྣམས་ནི་ངོས་ལ་ལྟོས་ན་ཨ་སྒོར་འབུམ་ཕྲག་མང་པོ་ལས་རྩ་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནས་བཟུང་སྟེ་ངེད་རྣམས་ཕན་ཚུན་སྐྱིད་སྡུག་གི་སྐད་ཆ་ཧ་ཅང་མང་པོ་ལབ་གླེང་བྱུང་བའི་རྒྱུད་རིམ་ནས་འགའ་ཤས་ནས་ཟེར་ན། ང་རྒྱ་གར་རྡ་རམ་ས་ལ་མཚམས་ལ་བསྡད་ཡོད་རེད་ཟེར་བའི་སྐད་ཆ་གོ་འདུག འགའ་ཤས་ནས་ང་བོད་གཞུང་གི་ལས་བྱེད་བྱས་ནས་བསྡད་ཡོད་རེད་ཟེར་བའི་སྐད་ཆ་གོ་འདུག། གཞན་དག་འགའ་ཤས་ནས་ཕྱི་རྒྱལ་ཞིག་ལ་ཡོད་རེད་ཟེར་བའི་སྐད་ཆ་གོ་འདུག
ཆོས་གྲོགས་གཞན་ཞིག་ནས་ང་རྒྱ་གར་ལ་འབྱོར་མ་ཐག་ཚ་བ་མ་འཕྲོད་ནས་ཤི་ཚར་རེད་ཟེར་བའི་སྐད་ཆ་གོ་འདུག གང་ལྟར་ཁོང་རྣམས་ཀྱིས་ང་ཡི་སྐོར་གོ་ཚུལ་མི་འདྲ་བ་རྣམས་བསམ་ནས་ང་ནི་གཅིག་པུར་ཁོག་འཛུམ་རང་དབང་མེད་པར་ཐེངས་མ་ཁ་ཤས་ཤོར་སོང་།ཧ་ཧ་ཧ།
དེ་ནི་བདེན་པ་ལུས་ཡིན་ཏེ་ང་སྐྱེ་ཚར་བྱེད་ས་ནང་ཆེན་དང་། ངོས་ཀྱི་ཕ་དགོན་ནང་ཆེན་ཇ་པ་དགོན་དང་། ངས་སློབ་སྦྱོང་བྱེད་ས་སྡེ་དགེ་ཞེ་ཆེན་དགོན་གཉིས་ལ་ངོས་ཀྱི་ཨ་ཞང་བླ་མ་དགེ་འཕེལ་ཞིང་ལ་ཕེབས་ཞིང་ང་ས་མཐའ་ལ་འཁྱམས་ནས་བཟུང་དགོན་པ་གཉིས་ཀྱི་བར་ལ་དམིགས་བསལ་འབྲེལ་བ་གང་ཡང་མེད་པས་རེད། གལ་སྲིད་ཁོང་རྣམ་པས་ནང་ཆེན་ཕྱོགས་ནས་ངོས་ཀྱི་ཕ་དགོན་དང་འབྲེལ་བ་ཡོད་མཁན་རྣམས་ལ་སྐད་ཆ་འདྲི་ས་བྱུང་ཡོད་ན་ང་ཡི་གནས་སྟངས་ཚང་མ་མཁྱེན་ངེས་རེད་བསམ། དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན།
མཇུག་བསྡུ།
བདག་ནི་སྐྱེ་ཞིང་ཚེ་རབས་ཐམས་ཅད་དུ། །ཚངས་སྤྱོད་རྟེན་ལ་ཐེག་པ་ཆེན་པོ་ཡི།
།ཡང་དག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །དམ་ཆོས་སྤྱོད་པའི་གྲོགས་དང་མི་འབྲལ་ཤོག།

གང་དུ་སོང་ཡང་དགོན་དང་གཙུག་ལག་ཁང་། །མཚན་ཉིད་ལྡན་པའི་བླ་མ་དམ་པ་ཡི།
གསུང་གི་བདུད་རྩི་ཡང་ཡང་ནོད་པ་དང། །ཆོས་མཐུན་གྲོགས་དང་སྐད་ཅིག་མི་འབྲལ་ཤོག།

ལྷག་པར་གསང་སྔགས་རྡོ་རྗེ་ཐེག་པ་ཡི། །དབང་སྐུར་མནའ་ཆུ་ལྷན་ཅིག་འཐུང་བ་ཡི།
རྡོ་རྗེའི་མཆེད་ལྕམ་ཆོས་ཀྱི་སྤུན་གྲོགས་རྣམས། །སྲོག་ལྟར་གཅེས་ནས་ནམ་ཡང་མི་གཏོང་ཤོག

མདོར་ན་གང་དུ་གནས་པའི་ས་ཕྱོགས་དེར། །དམ་ཆོས་སྐྱིད་པའི་སྣང་བར་འབྲལ་མེད་ཅིང་།
རིགས་མཐུན་བློ་ཐུབ་ཆོས་ཀྱི་མཆེད་པོ་དག། །འབྲལ་མེད་ཟུང་འཇུག་ས་ལ་མཉམ་བསྒྲོད་ཤོག།