Rinpoche’s auntie Dechen Palmo passed in late July, 2021.  Story in Tibetan only.

ང་ནི་ཁམས་ནང་ཆེན་མདོ་ཁམས་ཆུ་བཞི་སྒང་དྲུག་ལས། སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོ་སྒང་གི་ཉེ་འགྲམ་དུ་༼མདོ་ཁམས་གཞུང་༽ཞེས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བོད་ཁམས་ས་གནད་རྣམས་སུ་མཆོད་རྟེན་གྲངས་ཀྱིས་མི་ལང་པ་ཞིག་གཞེངས་པའི་ནང་ཚན། མདོ་ཁམས་མཆོད་རྟེན་དཀར་ཆུང་གི་ཉེ་འགྲམ། ༼འགྲིག་ལ་༽ཞེས་པའི་གྲོང་ཚོ་རུ་དུད་ཚང་གཉོམ་ཆུང་ཞིག་ནང་དུ་སྐྱེས། ངོས་ཀྱི་སྐྱེས་མའི་རིགས་རྒྱུད་ནི་ནང་ཆེན་ཆོས་རྒྱལ་ཆེན་པོར་བེའུ་ཅང་ངམ།

ནང་བློན་ཉེར་ལྔ་ཡོད་པའི་ནང་ནས་མི་འགི་ཚང་ཞེས་འབྲི་གུང་བཀའ་བརྒྱུད་ཀྱི་བླ་མ་མགར་རྣམ་རོལ་སྤྲུལ་སྐུ་དང་། མགར་ཆེན་སྐུ་གོང་མ་སོགས་གཅིག་རྗེས་གཉིས་མཐུད་དུ་འཁྲུངས་སའི་ཆོས་ལྡན་དུད་ཚང་ཡར་འགྲོ་ཞིག་ཡིན་སྐད་གདའ། ཕ་སྟག། མ་གཟིག་ཆེ་རབ་བཟང་རབ་གང་བཤད་ཀྱང་ངས་ཤེས་པའི་སྐབས་སུ་བོད་ལ་དུས་འགྱུར་བྱུང་བ་དང་ལྷན་མི་ཚང་དེ་ཉིད་ཀྱང་མི་ཤི། རྒྱུ་འཐོར། ཕོ་ཟད། མོ་ལུས་སུ་གྱུར་ནས་སྤྲང་ཁྱིམ་ཞིག་ཏུ་གྱུར་འདུག
གང་ལྟར་ང་སྐྱེས་ནས་ཟླ་གསུམ་ཙམ་གོང་ང་ཡི་ཨ་མ་ལ་རིགས་གནས་གསར་རྗེའི་འཐབ་རྩོད་སྐབས་སུ་རྡུང་རྡེག་དང་མནར་བཅོད་ཀྱིས་མུག་ཤི་ཐེབས། སྐབས་དེ་དུས་དུས་ཟིང་གི་དབང་གིས་༼མི་འགི་ཚང་༽ནང་མི་རྣམས་ཀྱང་བྱེའུ་ཚང་ཁྲ་ཡིས་སྟོར་བ་ནང་བཞིན་གང་སར་ཁ་འཐོར་དུ་ཕྱིན། མི་འགི་ཚང་གི་ཕ་མ་སོགས་མང་པོ་ཞིག་ནད་མུག་དང་། བཙོན་འཇུག། རྡུང་རྡེག་སོགས་ཀྱིས་རྐྱེན་འདས་སུ་སོང་། དེ་རིང་འདས་གྲོངས་སུ་ཕྱིན་པའི་སྲུ་མོ་༼བདེ་དཔལ་༽ནི་གུས་པའི་ཨ་མར་སྤུན་མཆེད་བུ་མོ་བཞི་ཡོད་པའི་ནང་ནས་ཨང་རིམ་བཞི་པ་ཆུང་ཤོས་དེ་ཡིན། སྐྱེས་མ་མེད་པའི་དྭ་ཕྲུག་ཞིག་ལ་མཚོན་ན་སྲུ་མོ་ནི་རང་བཞིན་གྱིས་ཨ་མ་ཡི་ཚབ་ཏུ་གྱུར། བོད་ཀྱི་གནའ་དཔེར། ཨ་མེད་ན་སྲུ་མོས་མ་ཚབ་དང་། ཕ་མེད་ན་ཨ་ཁུའི་ཕ་ཚབ་ཞེས་པ་ལྟར་རེད། ངོས་ཀྱི་ཨ་མ་གྲོང་ཚར་བའི་རྗེས་སུ་ཤུལ་ལུས་ཀྱི་སྲུ་མོ་རྣམས་ནི་ངོས་ལ་བྱམས་བརྩེའི་སྐྱོང་མཁན་ཨང་དང་པོ་དེ་གྱུར་ཡོད། ང་ཡི་ཕ་ནི་ཚེ་སྟོད་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ནས་ཚེ་སྨད་ཀུན་གྱིས་སྨོན་པའི་ཡུལ་དུ་བྱེད་ས་ཆོས་པ་ཚད་ལྡན་ཞིག་ཏུ་གྱུར་ནས་ནང་མིའི་སོ་ཚིས་ལ་དོ་སྣང་དེ་ཙམ་མི་བྱེད།
གང་ལྟར་ཀྱང་སྲུ་མོ་རེ་ལ་ནང་མི་རེ་ཡོད། མ་ཟད་ད་རེས་རྐྱེན་འདས་སུ་གྱུར་པའི་སྲུ་མོ་༼བདེ་དཔལ་༽དང་། ལོ་གསུམ་གོང་འདས་གྲོངས་སུ་གྱུར་པའི་སྲུ་མོ་༼མེ་ཏོག་༽གཉིས་ནང་མི་གཅིག་ཡིན་པ་མ་ཟད་ནང་ཆེན་ཤར་མདའ་གྲོང་དུ་གཏན་སྡོད་བྱེད་མཁན་ཡིན། ཁོང་ཚོའི་ཁྱིམ་ཚང་དང་། ང་ཡི་ཕ་ཡི་ཁྱིམ་ཚང་གཉིས་ཁོང་ཚོའི་ནང་མིའི་འཚོ་གོས་དཔལ་འབྱོར་གྱི་མཐུན་རྐྱེན་བཟང་བ་ཡོད། སྲུ་མོ་མེ་ཏོག་གི་བུ་མོ་གཉིས་སྔ་མོ་ནས་རྒྱ་ནག་གཞུང་གི་ལས་བྱེད་དཀྱུས་མ་ཞིག་ཡིན། ངོས་ཀྱི་ལུང་པར་སྐབས་དེ་དུས་རྒྱ་ནག་གཞུང་གི་ལས་བྱེད་ཡིན་ན་དེ་ལ་ཆེ་མཐོང་ཆེན་པོ་བྱེད་སྲོལ་ཡོད། ད་ལྟ་ཡང་རྒྱ་ནག་གི་ལས་བྱེད་ལ་ཞུགས་རྒྱུའི་འགྲན་རྩོད་ཧ་ཅང་ཆེན་པོ་ཡོད་སྐད་གདའ།
གུས་པའི་སྲུ་མོ་རྣམས་ནི་གཅིག་རྗེས་གཉིས་མཐུད་ཀྱི་འདས་པའི་ལོ་བཅུའི་ནང་ནས་རིམ་པ་བཞིན་དུ་འདས་གྲོངས་སུ་གྱུར་སོང་། ད་ལྟའི་སྲུ་མོ་འདི་ནི་ཆེས་ཐ་མ་དེ་མིན། ལོ་ན་རྒན་ཤོས་དེ་ལོ་བརྒྱ་དང་དྲུག་ཅན་ཞིག་ད་དུང་ཁམས་རི་བོ་ཆེའི་ཕྱོགས་སུ་ཡོད་སྐད་འདུག རྒན་མོ་དེ་ལ་ང་ནི་ཁ་པར་ནང་ནས་སྐད་ཆ་ཙམ་ལས་དངོས་སུ་ཐུག་མ་མྱོང་། ཉེ་ཆར་འདས་གྲོངས་སུ་གྱུར་པའི་སྲུ་མོ་༼བདེ་དཔལ་༽ནི་མོ་རང་གི་སྤུན་མཆེད་ཆེ་བ་སྲུ་མོ་༼མེ་ཏོག༽་གི་ནང་དུ་ཁྱིམ་གཅིག་བྱས་ནས་བསྡད་ཡོད། མོ་རང་ལ་ཟུར་དུ་བཟའ་ཟླ་དང་བུ་ཕྲུག་སོགས་གང་ཡང་མེད་ཀྱང་། སྲུ་མོ་༼མེ་ཏོག་༽གི་བུ་མོའོ་ལྟ་སྐྱོང་འོག་གནས་ཡོད། སྲུ་མོ་༼བདེ་དཔལ་༽ཉེ་ཆར་ཟླ་གཅིག་གོང་ནས་འགྲོ་འདུག་ལ་དཀའ་ངལ་བྱུང་ནས་སྨན་ཁང་དུ་བསྐྱལ་སྐབས་སྨན་པས་གློ་བ་དང་། ཕོ་བ་སོགས་ལ་ནད་གཞི་ལྗི་མོ་ཡོད་སྐད་བཤད། དེ་ནས་བཟུང་སྨན་ཁང་དུ་བསྙལ་ནས་ལུགས་མཐུན་གྱིས་སྨན་བཅོས་ལྟ་སྐྱོང་ཚད་ལྡན་བྱས་ཀྱང་། ཉི་མ་རེ་རེ་བཞིན་ཇེ་ཐུར་སོང་ནས་དྲགས་བསྐྱེད་ཆེར་མེད། ཉིན་གཅིག་ང་ཡི་སྲིང་མོ་ཆུང་བས་ནང་ཆེན་བའི་ཡུལ་སྐད་ངོ་མ་དེ་རྒྱབ་ནས་འདི་ལྟར་ཟེར། ༼ཨ་སྦོ། སང་ཉིན་ཁ་པར་ཞིག་རྒྱོབ་ཤོག་ཨ། ཨ་ཕྱི་བདེ་དཔལ་ད་ཆི་ཝེད་ས་མི་གདའ་ལེ། ད་ཆི་དགོ་ན་མི་ཤེས།༽ ཞེས་ངུ་སྐད་དང་སྦྲག་ནས་བཤད་སོང་། ༼ནང་ཆེན་བས་སྲུ་མོ་ལ་ཨ་ཕྱི་ཞེས་འབོད།༽ ངས་ཕྱི་ཉིན་ཁ་པར་རྒྱབ་དུས་སྲུ་མོ་ནང་ཆེན་རྫོང་མི་མང་སྨན་ཁང་ནང་དུ་སྨོན་བཅོས་བྱེད་པའི་སྐབས་རེད་འདུག། ངེད་གཉིས་གདོང་པ་བསྟན་ནས་སྐད་ཆ་བཤད་དུས་སྲུ་མོས་ངུ་སྐད་དང་སྦྲག་འདི་ལྟར་ཟེར། ༼ཨ་ཉོག ད་ངེད་གཉིས་ཐུག་ལེ་མ་རེད། ༽ཟེར་ནས་ཚིགས་མཇུག་གི་སྐད་ཆ་གཞན་རྣམས་གསལ་པོ་གོ་མ་སོང་། ཟུར་ནས་སྲིང་མོས་ཟེར་ན་ང་ལ་སེམས་ཁྲལ་མ་བྱེད་མཚོ་སྐྱིད་ནས་ནད་གཡོག་སྨན་བཅོས་ཡག་པོ་བྱེད་ཀྱི་ཡོད་ཟེར་གྱི་འདུག་ཟེར། མཚོ་སྐྱིད་ནི་སྲུ་མོ་༼མེ་ཏོག༽་གི་བུ་མོ་ངོས་ཀྱི་སྲིང་མོ་ད་ལྟ་སྲུ་མོ་༼བདེ་དཔལ་༽ལ་ནད་གཡོག་བྱེད་མཁན་དེ་རེད། ངས་ཀྱང་མཚོ་སྐྱིད་ལ་སེམས་གསོ་འདྲ་བྱས། མ་ཤི་ནད་པར་ཅི་དྲགས་དང་། ཤི་ན་ཐར་པ་ཅི་ཐོབ་ཅེས་པའི་དཔེ་ལྟར་སྲུ་མོའི་སྐོར་ཟུར་ནས་ཕན་ཚུན་གྲོས་བསྡུར་མང་པོ་བྱས།
ཕྱི་ཉིན་སྔར་ལྟར་ཁ་པར་རྒྱུད་འབྲེལ་བ་བྱས་དུས་སྲུ་མོ་སྨན་ཁང་ནས་ནང་དུ་བསྐྱལ་འདུག།
ཟས་ཀྱི་ཡི་ག་འགགས་ཤིང་། ཁ་གྲག་རྒྱུ་མེད་པར་གྱུར་འདུག་པས་ངས་ཁ་པར་ནང་ནས་སངས་རྒྱས་ཀྱི་མཚན་སྔགས་དང་། སྨོན་ལམ་སོགས་ཡུན་རིང་བཏོན། ཟུར་དུ་མགར་དགོན་པའི་གྲྭ་པ་ཞིག་ནས་ཀྱང་ཐོས་གྲོལ་བཀློག་གིན་འདུག ནད་པའི་ཉེ་འཁྲིས་སུ་མི་ལོ་ཉི་ཤུ་རྩ་གྲངས་རིང་མ་ཐུག་པའི་སྤུན་མཆེད་སྐྱ་སེར་མང་པོ་ཞིག་སླེབས་འདུག་པས་ཕན་ཚུན་གདོང་བསྟན་ནས་རེས་མོས་ཀྱི་སྐད་ཆ་ཡུན་རིང་བྱས། ང་ཚོ་ཚང་མར་དགའ་སྐྱོ་འདྲེས་མའི་ཚོར་བ་ཆེན་པོ་བྱུང་།

ཕྱི་ཉིན་ཞོགས་པ་སྔ་བོར་སྲིང་མོ་ཆུང་བས་ཁ་པར་སླེབས། དེ་ནི་སྲུ་མོ་ཚེ་ལས་འདས་པའི་སྐད་ངན་དེ་རེད་འདུག ཁ་པར་སྲུ་མོའི་རྣ་རྩར་བཞག་བཅུག་ནས་གནམ་ཆོས་འོད་དཔག་གི་འཕོ་ལུང་དང་། སངས་རྒྱས་ཀྱི་མཚན་སྔགས་སོགས་གང་ཤེས་བཏོན། ཤི་བོ་བསོད་ནམས་ཅན་དང་། བརྡ་འཕྲིན་ཡར་དར་གྱི་དབང་གིས་ཨ་རིར་གནས་བཞུགས་སྐྱབས་རྗེ་བླ་མ་མགར་ཆེན་རིན་པོ་ཆེ་དང་། ཡ་ཆེན་ཆོས་སྒར་གྱི་བསྟན་བདག་སྤྲུལ་སྐུ་ནམ་མཁའི་སྙིང་པོ་དང་། གུས་པའི་དམ་གཙང་གི་ཆོས་གྲོགས་ཐེའུ་ཝན་གནས་བཞུགས་རིག་འཛིན་འཇའ་ཚོན་སྙིང་པོ་བཅས་དྲྭ་རྒྱའི་རྒྱུད་ནས་རིམ་བཞིན་ཕེབས་ཅིང་འཕོ་བ་དང་ཐུགས་སྨོན་སོགས་གནང་སོང་།
ཟུར་ནས་སྲིང་མོས་ཕུང་པོ་དུར་འཇུག་བྱེད་སྟངས་དང་། ཕུང་པོ་དུར་ཁྲོད་གང་དུ་འཇོག་དགོས་མིན་སོགས་ཀྱི་སྐོར་ལ་ངས་ཀྱང་གང་ཤེས་བསམ་ཚུལ་བཏོན། ་གང་མགྱོགས་བོད་མི་གཞིས་བྱེས་ཤི་གསོན་ཡོངས་ཀྱི་བླ་སྲོག། སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་པ་དང་། རྒྱལ་དབང་ཀརྨ་པ་གཉིས་ཀྱི་སྐུ་མདུན་ལ་བསྔོ་ཞུས་དང་། གཞན་རྒྱ་གར་བཞུགས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ལ་བསྔོ་ཞུས་སོགས་བྱས། བོད་ནས་བདུན་གཉིས་གོང་ནས་སྤུན་མཆེད་དང་། ཁྱིམ་མཚེས། ཉེ་འབྲེལ་ཚང་མ་ཉིན་རེ་མི་གྲངས་ཉི་ཤུ་དང་སུམ་བཅུ་མ་ཆད་པར་ཚང་མས་མཉམ་རུབ་ཀྱིས་ཚྭ་ཚྭ་འབུམ་ཐེར་གཅིག་གདབས་ཡོད་སྐད་འདུག།
ངས་ཀྱང་ཆོས་ཚོགས་སུ་ཉིན་རེ་བཞིན་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་དང་། གཏེར་གསར་ངན་སོང་དོང་སྤྲུག གནམ་ཆོས་འོད་ཆོག། སྨན་ཆོག་སོགས་རེས་མོས་ཀྱིས་ཞེ་དགུ་མ་ཡོལ་བར་དུ་འདོན་བཞིན་ཡོད་དོ།
རབ་དཀར་བརྩེ་ཆེན་རྒྱལ་བའི་བྱིན་རླབས་དང་། །ཚེ་གང་སྒྲུབ་ལ་གཞོལ་བའི་བདེན་མཐུ་ཡིས།
།ཚེ་འདས་སྲུ་མོ་བདེ་ཆེན་དཔལ་མོ་ཉིད། །བདེ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས།
ཨོཾ་ཨཱ་མི་དྷེ་ཝ་ཧྲིཿ

Originally posted to Khenpo Karten Rinpoche’s blogspot- August 19, 2021