གྲོགས་པོ་དངོས་གྲུབ་རྡོ་རྗེ་ལགས་དང་ལྷན་ཉིན་གསུམ་རིང་SOUTH LAKE TAHOE སྤྲོ་སྐྱིད་ལ་སོང་བའི་ཚོར་སྣང་།  Tibetan only (no English, but many photos!)
འདས་པའི་ལོ་གཅིག་ལྷག་རིང་རྒྱ་ནག་ནས་མཆེད་པའི་ནད་རིམས་གདུག་པ་ཅན་དེས་མི་འདོད་བཞིན་དུ་ཁྱིམ་སྡོད་བཀག་རྒྱའི་འོག་ཕལ་ཆེར་ལོ་གཅིག་ལྷག་སོང་། ནམ་རྒྱུན་ངོས་ཀྱི་ཆོས་ཕྱོགས་ཀྱི་ལས་འཆར་དང་། སློབ་མ་མང་ཤོས་ནི་ཤར་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་ཀྱང་།

ནད་ངན་དེ་ཡི་དབང་གིས་ཐག་རིང་ཐུང་གང་དུ་ཡང་འགྲོ་མ་ཐུབ་ནས་ས་གནས་འདིར་ཡུན་རིང་བསྡད་དགོས་བྱུང་། ལར་ནི་རྩ་བའི་བླ་མ་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བསྟེན་ནས། རང་ཉིད་གཅིག་པུར་འདུག་རྒྱུ་ལ་དཀའ་ལས་མེད་པ་མ་ཟད། དེ་ནི་མཉམ་མེད་དྭགས་པོ་བཀའ་བརྒྱུད་རྗེས་འཇུག་ཆོས་པ་ཞིག་ཡིན་ན་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་སོགས་ཆོས་སྒྲུབ་པར་རྐྱེན་ངན་གྲོགས་ཤར་ངོ་མ་དེ་ཡང་ཡིན་རབ་གདའ།
འོན་ཀྱང་གུས་པའི་གནས་ཡུལ་ཨ་རིའི་རྒྱལ་ཁབ་འདིའི་མངའ་སྡེ་མི་འདྲ་བ་ལ་དུས་བཞིའི་འགྱུར་འགྲོས་སོགས་མི་འདྲ་བའི་དབང་གིས་ཁོར་ཡུག་དང་། མཛེས་ལྗོངས། རི་མཐོ། ས་གཙང་། རྒྱ་མཚོ། མེ་གྱེན་འཕྱུར་གྱི་རི་བོ་སོགས་སྔར་མཐོང་མ་མྱོང་བའི་ལྟད་མོ་ཧ་ཅང་ཡ་མཚན་ཅན་མང་པོ་མཐོང་རྒྱུ་ཡོད། སྤྱིར་གཏང་རྒྱལ་ཁབ་འདི་ཡི་གྲོང་ཁྱེར་དང་། གྲོང་བསེབ། གྲོང་བརྡལ་སོགས་ཁྱར་པར་ཆེར་མེད་པར་སྣུམ་ལམ་དང་། རྐང་འཁོར་ལམ། ཡུལ་ལྗོངས། གླིང་ཁ། རྫ་རི་དང་། མཚོ་འགྲམ་སོགས་སུ་སྲུང་སྐྱོབ་ཆེད་དུ་ཉེན་ཟོན་གྱི་འཛེག་བསྟེན། ངལ་གསོའི་རྐུབ་སྟེགས། འདོར་ཁང་གསང་སྤྱོད་སོགས་མཐུན་རྐྱེན་ཡག་དྲགས་པའི་དབང་གིས་མགྲོན་པོ་ལན་གཅིག་སོང་ན་ས་ཆ་དེར་ཡང་སྐྱར་མི་འགྲོ་རང་དབང་མེད་པར་གྱུར་འགྲོ་གི་གདའ།

 


ཉིན་དང་པོའི་སྐབས་སུ།
 

ས་གནས་འདིར་བོད་པ་མི་ཚང་ཞིག་ཡོད་པ་དེ་ནི་ངོས་ཀྱི་ཆེས་གྲོགས་པོ་ཡག་ཤོས་དེ་ཡིན་ཟེར་ཀྱང་ཆོག། དངོས་གྲུབ་རྡོ་རྗེ། བཀྲ་ཤིས་ལྷ་མོ། ཀུན་བཟང་བདེ་ཆེན། དངོས་གྲུབ་ཚེ་རིང་བཅས་ཀྱི་ནང་མི་རྣམས་རེད།
ནམ་རྒྱུན་ཕན་ཚུན་ང་ཚོ་ནང་མི་གཅིག་ནང་བཞིན་ཧ་ཅང་འཆམ་མཐུན་ངང་གནས་ཡོད། ང་ཁོང་ཚོའི་ནང་དུ་མགྲོན་འབོད་བྱས་ནས་མོག་མོག་ཟོས་གྲངས་ནི་ཕལ་ཆེར་བརྒྱ་ཕྲག་མང་པོ་བརྒལ་ཚར་ཡོད། སྤྱི་ཟླ་དྲུག་པའི་སྤྱི་ཚེས་སུམ་བཅུའི་ཉིན་གྲོགས་པོ་དངོས་གྲུབ་ངེད་གཉིས་སྔ་ནས་དུས་ཆད་བྱས་པ་ལྟར་འདི་ནས་ཆུ་ཚོད་ལྔ་དང་ཕྱེད་ཙམ་གྱི་སར་ཡོད་པའི་༼ལིཀ་རྟ་ཧོ་ལྷོ་ཕྱོགས་༽ཟེར། དབྱིན་སྐད་དུ་
SOUTH LAKE TAHOE རི་མཐོ་ས་གཙང་བོད་ཀྱི་ས་ཆ་ངོ་མ་འདྲ་ཞིག་ཡོད་པས་ཞོགས་པ་ཆུ་ཚོད་བརྒྱད་ཙམ་ནས་གྲོགས་པོ་དངོས་གྲུབ་རྡོ་རྗེའི་རླངས་འཁོར་གཏང་ནས་དེར་སོང་། ཆུ་ཚོད་ལྔ་དང་ཕྱེད་རིང་འགྲོ་དགོས་སྐད་འདུག། ལམ་བར་དུ་དངོས་གྲུབ་རྡོ་རྗེས་ནང་དུ་བཟོས་པའི་བོད་ཟས་བྲོ་བ་ཅན་དེ་རྣམས་ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་བོད་ཀྱི་གཞས་པ་རྣམས་ཀྱི་གཞས་ལ་ཉན་བཞིན་ཟོས་པས་ངེད་གཉིས་ཀ་ཧ་ཅང་སྐྱིད་པོ་བྱུང་། རྫ་རི་དཀར་པོ་ཞིག་གི་འགྲམ་ནས་རླངས་འཁོར་གཏང་ནས་སོང་སོང་བས། ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྐབས་སུ་དངོས་གྲུབ་ལགས་ནས་སྔ་ནས་བླངས་པའི་མགྲོན་ཁང་ཐོག་རྩེགས་ཧ་ཅང་མང་པོ་ཅན་ཞིག་ནང་དུ་ཁྲིད་སོང་། མགྲོན་ཁང་གི་སྣེ་ལེན་ཁང་ནས་ངེད་གཉིས་ཀྱི་ཁང་མིག་རྩིས་སྤྲོད་བྱས་པ་ལྟར་ནང་དུ་འཛུལ་བས་མགྲོན་ཁང་ནི་གཙང་ཞིང་དོད་ལ། ཡངས་ཤིང་རྒྱ་ཆེ་བ་ཞིག་རེད་འདུག། ཆུ་ཚོད་གཅིག་ཙམ་རིང་ངལ་གསོ་བྱས་ནས་ཉིན་རྒྱབ་ཐག་ཉེར་ཡོད་པའི་REGAN BEACH མཚོ་འགྲམ་ལ་སོང་། ངོས་ཀྱི་ཆེས་དགའ་ཤོས་ནི་ཉི་ནུབ་ཀྱི་སྤྲིན་པ་དམར་སེར་ལ་ལྟ་རྒྱུ་དེ་ཡིན། SUNSET སྐབས་རེ་ངོས་གྱི་གྲོགས་པ་དངོས་གྲུབ་ལགས་ནས་མཚར་རྩེད་དང་སྦྲག་འདི་ལྟར་ཟེར། ༼མཁན་པོ་ལགས་ནི་དངོས་གནས་མགོ་སེར་ཆགས་ཚར་འདུག ལྟད་མོ་དགའ་ཤོས་ཉི་ནུབ་ཀྱི་སྤྲིན་པ་དམར་སེར་དང་། ཟ་མ་དགའ་ཤོས་ནི་སྔོ་ཚལ་སོགས་རེད་འདུག༽ཞེས་ཟེར།
ངས་ཀྱང་ཁོང་ལ་མཚར་རྩེད་དང་སྦྲག། ༼ང་ཚོའི་བོད་ཀྱི་སྲོལ་རྒྱུན་ནང་དུ་གཡུག་དགོས་རྒྱུ་ཞིག་དང་། ཉར་དགོས་གཉིས་འདུག། དེ་བཞིན་དུ་ནུབ་ཕྱོགས་པའི་རིག་གཞུང་ནང་དུ་ཡང་དེ་དང་གཅིག་པ་རེད་གང་ལྟར་བདམས་ག་མ་ནོར་བ་གལ་ཆེན་པོ་རེད།༽ ཅེས་བཤད།


ཉིན་གཉིས་པའི་སྐབས་སུ།
 

ཞོགས་པ་སྔ་བོར་བཟའ་བཅའ་རྣམས་ཁུར་ནས་དབྱིན་སྐད་དུ། Cascade fall Lake Tahoe ཟེར་བའི་ས་ཆ་རི་མགོ་མཐོན་པོ་ཞིག་ཏུ་ཕྱིན། ས་འདིའི་དབྱིབས་དང་། ཆགས་ཚུལ། དམའ་མཐོ་སོགས་གང་ལ་ལྟས་ཀྱང་ང་སྐྱེ་ཡུལ་རྡོ་ཁྱུག་གྲོང་གི་ས་ཆ་དང་གཅིག་པ་རེད་འདུག ངེད་གཉིས་ནས་རླངས་འཁོར་རི་གཤམ་དུ་བཞག་ནས་རྒྱབ་ཏུ་ཉིན་གུང་ཟ་མ་དང་། འཐུང་ཆུ་སོགས་ཁུར་ཞིང་རྫ་གསེབ་རྐང་ལམ་ཕྲ་མོ་དེ་རྒྱུད་ནས་རི་མགོར་འཛེགས། ཕལ་ཆེར་ཆུ་ཚོད་གསུམ་ཙམ་གྱེན་དུ་སོང་ནས་རི་སྐེད་ལ་སླེབས་པ་ན་ང་མགོ་ན་ཞིང་། མགོ་ཡུ་འཁོར་བ། སྐྱུག་མེར་ལང་པ་བྱས། འཛམ་གླིང་གི་ཡང་རྩེ་བོད་གངས་ཅན་ལྗོངས་ལ་སྐྱེས་ཀྱང་འདས་པའི་ལོ་ཉི་ཤུ་ཁ་ལྷག་རྒྱ་གར། བལ་ཡུལ། ཨ་རི་སོགས་གནས་ཡུལ་ལུང་པའི་གནས་སྟངས་དང་ཁོར་ཡུག་མ་འདྲ་བའི་དབང་གིས་ང་ཡི་ལྷན་སྐྱེས་ཀྱི་གཟུགས་པོའི་ཁྲག་རྒྱུན་ལའང་འགྱུར་བ་ཞིག་ཕྱིན་ཡོད་པ་སྐབས་དེ་དུས་ཤེས་སོང་། གལ་སྲིད་ང་བོད་ལ་འགྲོ་ཐུབ་ནའང་ས་ཆའི་མཁའ་དབུགས་མི་འཕྲོད་པའི་དཀའ་ངལ་ཞིག་ཡོད་པ་ཡང་ཤེས་སོང་། དགོང་མོ་མགྲོན་ཁང་དུ་འབྱོར་ནས་འཁྲིས་སུ་ཡོད་པའི་ནུབ་ཕྱོགས་པའི་ཟ་ཁང་ཞིག་ནང་དུ་དགོང་ཟས་ཟོས། འདིའི་ཉིན་མོ་གོམས་འགྲོས་ཀྱི་རྐང་གྲངས་ཉིས་ཁྲི་བརྒྱད་སྟོང་ཁ་ལྷག་རེད་འདུག། ཉིན་གཅིག་ལ་ལོ་འདིར་གོམས་འགྲོས་རིང་ཤོས་ཡིན། གོམས་འགྲོས་མང་དྲགས་པ་དང་བན་རྒན་ལོ་ན་ཆེ་བའི་རྐྱེན་གྱིས་རྐང་པའི་བོལ་ཚིགས་ཅུང་ན་འདུག་སྟབས་གྲོགས་དངོས་གྲུབ་ལགས་ནས་ཉལ་ཁར་Foot Massages སྣུམ་བྱུགས་ནས་འཕུར་མཉེ་གཏང་བྱུང་བས་ཧ་ཅང་ཕན་པོ་བྱུང་།


ཉིན་གསུམ་པའི་སྐབས་སུ།
 

དེ་རིང་སྤྲོ་འཁྱམས་ཉིན་ཐ་མ་དེ་ཡིན། ཞོགས་པ་ཆུ་ཚོད་བཅུ་གཅིག་སྔོན་ནས་མགྲོན་ཁང་རྩིས་སྤྲོད་བྱེད་དགོས་སྟབས་གྲོགས་པོ་དངོས་གྲུབ་ངེད་གཉིས་ནས་ཅ་དངོས་རྣམས་བསྡུ་གསོག་བྱས། མགྲོན་ཁང་སྣེ་ལེན་ཁང་དུ་སོང་ནས་ལྡེ་མིག་རྩིས་སྤྲོད་བྱས་ཤིང་འདྲུད་འཐེན་འཁོར་སྒམ་རེ་ལག་ཏུ་དྲུད་ཅིང་། སྟབས་བདེའི་འཛོ་ལ་རེ་རྒྱབ་ཏུ་ཁུར་ནས་སྒེར་གྱི་སྣུམ་འཁོར་ནང་དུ་ཞུགས་ནས་སྔ་ནས་འཆར་གཞི་བྱས་པ་ལྟར་
Fallen Leaf Lake བོད་སྐད་དུ་ཐད་བསྒྱུར་བྱས་ན་༼ཤིང་ལོ་མཚོ་ལ་ལྷུང་བ༽ཟེར་བའི་ས་གནས་དེར་སོང་། ས་གནས་འདིའི་ཁྱད་ཆོས་ནི། མཚོ་མཐའ་གྲོང་པ་དང་ཤིང་ནག་གིས་བསྐོར་ཞིང་མཚོ་དཀྱིལ་ནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཁྱམས་པ་རྣམས་མགྱོགས་གྲུ་དང་། དལ་གྲུ། གྲུ་གཟིངས་དང་། གྲུ་ཆུང་སོགས་སྐོར་ནས་ཚེ་འདིའི་ཟག་བཅས་བདེ་སྐྱིད་ལ་རོལ་ཞིང་གདའ།
དེ་ནས་ངེད་གཉིས་Lake Tahoe Beach ལ་ཡོང་ནས་མཚོ་འགྲམ་དུ་བྱེ་མའི་ནང་དུ་སྐྱིད་ཉལ་བྱས་ཤིང་། སྐབས་རེ་མཚོ་འགྲམ་ནས་ཆུ་བསྐྱལ་ཡང་བྱས་ནས་ད་ནང་ཁུར་ཡོང་བའི་ཉིན་ཟས་ལ་རོལ་བཞིན་ད་རེས་འཁྱམས་ཉུལ་དེ་སྐྱིད་རབ་དང་ཡག་རབ་སོགས་བཤད་རེས་བྱས། ཉིན་རྒྱབ་སྒེར་གྱི་སྣུམ་འཁོར་ནང་དུ་ཞུགས་ནས་རང་ཁྱིམ་དུ་ཕྱི་ལོགས་བྱས། དགོང་མོ་ཆུ་ཚོད་དགུ་པའི་སྐབས་སུ་ Pacific Grove རང་གནས་འཇམ་དབྱངས་ཆོས་འཁོར་གླིང་ལ་བདེ་འབྱོར་བྱུང་སོང་།
དེ་རིང་གི་ཉིན་ཐོ་འདི་བར་ལམ་ཆོས་ཕྱོགས་ཀྱི་ལས་བྲེལ་གྱི་དབང་གིས་དུས་ཐོག་གཏང་མ་ཐུབ་ཀྱང་རང་གི་མ་འོངས་དྲན་རྟེན་གྱི་ཆེད་དུ་དེ་རིང་སྟེ་སྤྱི་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་མོ་བྲིས་པ་ཡིན།

།གྲོགས་བཟང་པོ་དངོས་གྲུབ་རྡོ་རྗེའི་ལྷན།

།ས་བཟང་པོ་ལིག་རྟ་ཧོ་ལ་སོང་།

།ཟས་བཟང་པོ་གང་འདོད་ལོངས་སུ་སྤྱད།

།མཚོ་བཟང་པོའི་ནང་དུ་གཅེར་ཉལ་བྱས།

།ལས་བཟང་པོ་ཁ་ན་མ་ཐོ་མེད།

།དོན་བཟང་པོའི་སྤྲོ་སྐྱིད་ཨེ་མ་ཧོ།

Originally posted on July 26th, 2021 on Rinpoche’s Blogspot.