༼1 Portland

སྤྱི་ཟླ་བརྒྱད་པའི་སྤྱི་ཚེས་བཅུ་བདུན་ཉིན་ས་གནས་འདིའི་གནམ་ཐང་ལ་ཚོགས་གཙོ་ཟུར་པ་Heidi དང་། ཆོས་མིང་དུ་རིན་ཆེན་ཆོས་སྒྲོན། དད་ལྡན་མ་ཨ་མ་susan ཆོས་མིང་དུ་ཀུན་བཟང་དབང་མོ་གཉིས་ནས་བསྐྱེལ་མ་བྱས། Phoenix བརྒྱུད་ནས་པོར་ལེན་ཌི་portland གནམ་ཐང་ལ་དགུང་མོ་ཆུ་ཚོད་ལྔ་དང་ཕྱེད་ཙམ་ལ་འབྱོར། བྱིན་རླབས་ཀྱི་རྩ་བ་མ་རུལ། དམ་ཚིག་གི་ལོ་མ་མ་སྐམ། ཡ་རབས་བཟང་སྤྱོད་ཀྱི་འབྲས་བུ་ཁུར་དུ་དུད་པའི་དཔག་བསམ་ལྗོན་ཤིང་དང་འདྲ་བའི་ཡུན་རིང་འདྲིས་པའི་དམ་གཙང་གི་ཆོས་གྲོགས་སློབ་བུ་བོད་རིགས་མི་ཉུང་བ་ཞིག་ནས་གཞན་དབང་སྟབས་སྟུན་གྱི་ལས་བྲེལ་ཆེ་ཆུང་ལ་མ་ལྟོས་པའི་ཕྱག་ཏུ་ཁ་བཏགས་བཟུང་ནས་གནམ་ཐང་ལག་སྒམ་འདྲུད་གཞུང་འཁྲིས་ནས་སྒུག་འདུག་པས་ཡུན་རིང་མ་ཐུག་པའི་ཆོས་གྲོགས་རྣམས་དངོས་སུ་ཞལ་མཇལ་ཡོང་དུས་སེམས་ལ་དགའ་སྤྲོས་ཁེངས།

ངོས་ཀྱི་ལག་སྒམ་སྐར་མ་འགའ་ཤས་རིང་སྒུག་ཡང་མ་འབྱོར་བས་བསམ་བློ་ཞིག་གཏང་དུས། ཆེས་ངོ་ཚ་དགོས་པ་ཤིག་ལ་ལག་སྒམ་ནི་ phoenix གནམ་ཐང་ནས་ཚུར་ལེན་རྒྱུ་བརྗེད་ཡོད་པ་གཞི་ནས་ཤེས། དེ་ནས་ང་ཚོའི་གནམ་ཐང་གི་ལས་བྱེད་རྣམས་ལ་འགྲེལ་བཤད་བྱས་ཤིང་ང་གང་དུ་འདུག་སའི་པོར་ལེན་ཌི་ཁ་བྱང་ཁ་པར་ཨང་གྲངས་སོགས་སྤྲད། གལ་སྲིད་ལག་སྒམ་རྙེད་སོན་བྱུང་ན་འབྲེལ་བ་བྱེད་རྒྱུ་གཏན་ཁེལ་དོ་དན་བྱས། ལག་སྒམ་ནང་དུ་ངོས་ཀྱི་འབྲལ་མེད་དུ་འཆང་བའི་གའུ་རྙིང་པ་ཞིག་གི་ནང་དུ་རྩ་ཆེའི་སྟོན་པའི་སྐུ་རྙིང་པ་ཞིག་ཡོད་པ་དེ་དང་། ཆོས་གོས། ཁ་འདོན་གྱི་དཔེ་ཆ་རྣམས་ཡིན། གཞན་གྲྭ་ཆས་དགོས་མཁོའི་ཅ་དངོས་ཙག་ཙིག་ལས་གང་ཡང་མེད། གནམ་ཐང་གི་ལས་བྱེད་རྣམས་ཀྱིས་ལག་སྒམ་གྱི་མདོག་དང་ཆེ་ཆུང་ནང་དུ་ཅ་དངོས་ཇི་ཡོད་སྐོར་སྐད་ཆ་ཞིབ་འདྲི་བྱས་ནས་ཤོག་ཛར་ཞིག་སྤྲད་ནས་ཆུ་ཚོད་ཉེར་བཞིའི་རིང་ཅ་དངོས་ཧ་གོ་ཚོད་ཟེར། ངེད་རྣམས་ཀྱང་བློ་མ་བདེ་བཞིན་དུ་ནང་དུ་མི་འགྲོ་ཀ་མེད་བྱུང་། སྤྱིར་བཏང་ང་ནི་ཆུང་དུས་ནས་མི་ཡི་རང་གཤིས་སུ་ཅ་དངོས་བདག་པོ་རྒྱག་ཤེས་མཁན་ཞིག་གཏན་ནས་མིན། བོད་ནས་ངོས་ཀྱི་ཕ་འདས་པོའི་ང་ལ་སྐབས་རེ་བཀའ་སྐྱོན་དང་སྦྲགས་ནས་འདི་ལྟར་ཟེར་མྱོང་ཡོད། “ད་རེས་བྱེས་ལམ་འདིར་ཕ་བཟང་བུ་ཁྱོས་མགོ་དེ་མ་རླག་པར་གྱིས་ཤོག་ཨ་ཟེར།” ༼ཁྱོས་ཟེར་ན་ནང་ཆེན་བའི་ཡུལ་སྐད་རེད་དོན་ལ་ཁྱོད་ཟེར་བ་ལ་གོ་དགོས།༽

དེ་ནས་ངོས་ཀྱི་ཡུན་རིང་འགྲོགས་པའི་དམ་གཙང་གི་ཆོས་ཀྱི་གྲོགས་པོ་ཤེས་རབ་སྐལ་ལྡན་ལགས་ཀྱི་རླངས་འཁོར་ནང་དུ་འཛུལ་ནས་ལམ་བར་ནས་ལག་སྒམ་བོར་སྟངས་སྐོར་ལ་ཁ་བརྡ་བྱེད་ཞོར་སྒེའུ་ཁུང་ནང་ནས་དགེ་བཤེས་གླང་ཐང་པའི་ཞལ་རས་འདྲ་བོ་པོར་ལེན་ཌི་གནམ་གཤིས་ནག་པོ་དེ་ལ་རྒྱངས་བལྟ་བྱེད་བཞིན་ཁོང་གི་ནང་དུ་འབྱོར་ནས་དེ་ནུབ་དེར་བསྡད།

ཕྱི་ཉིན་བོད་ཁང་དུ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མ་བཅུ་དྲུག་པའི་མཆོད་གཏོར་བཅའ་གཤམས་ཀྱི་ཆེད་དུ་སོང་བས་ཨ་མ་སྐྱིད་པ་གཙོས་ཆོས་གྲོགས་འགའ་ཡིས་ཚ་ཚ་འུར་འུར་གྱིས་ཐབ་ཚང་ནང་ནས་གྲ་སྒྲིག་བྱེད་བཞིན་འདུག ཞིང་སྒྲུབ་ཆེན་མོ་འདི་ནི་ཕྱོགས་གཅིག་ནས་བལྟས་ན་འོད་དཔག་མེད་ཀྱི་སྒྲུབ་མཆོད་འདྲ་ཞིག་ཡིན་ཀྱང་ཆོ་གའི་འགྲོས་ནི། གནམ་ཆོས་གཏེར་གཞུང་ལས། འོད་དཔག་མེད་པ་སྒྲུབ་པ་ནིཿ དཀྱིལ་འཁོར་མེད་ཅིང་གཏོར་མ་མེདཿ ཅེས་གསུངས་པ་ལྟར་གསང་སྔགས་བླ་མེད་ཀྱི་ལུགས་ལ་སྤྲོས་བཅས་ཀྱི་གཏོར་མ་མེད་ཀྱང་ཆོག་པའི་དེང་དུས་ཀྱི་ཡུལ་དུས་དང་མཐུན་པའི་ལུགས་སྲོལ་ལྟར་ངས་ཀྱང་འོད་དཔག་གཙོ་འཁོར་གསུམ་གྱི་ལྷ་བསྐྱེད་ཀྱི་གཏོར་མ་དང་། ཞིང་སྐྱོང་ཡབ་ཡུམ་དང་། བཀའ་སྲུང་ཤྭ་ན། མགོན་པོ་ཕྱག་དྲུག་པའི་རྟེན་གཏོར་ཙམ་ལས་གཏོར་མ་མང་པོ་བཅའ་རྒྱུ་མེད་སྟབས་ང་ཚོ་ཚང་མས་ལག་རུབ་ཀྱིས་མཆོད་གཏོར་བཤམས་བཀོད་རྣམས་སྟབས་བདེའི་ངང་སྔ་ས་ནས་ལེགས་གྲུབ་བྱུང་།དགུང་མོ་ཆོས་གྲོགས་པདྨ་མཚོ་མོ་ལགས་ནས་གནམ་ཐང་ལས་བྱེད་ལ་ཁ་པར་རྒྱུད་འདྲི་རྩད་བྱས་དུས་བོར་རླག་ཏུ་སོང་བའི་ལག་སྒམ་རྙེད་སོན་བྱུང་བའི་ཁ་པར་འབྱོར། ཆུ་ཚོད་བརྒྱད་ནང་ཚུད་གནས་ཚང་དུ་ནང་དུ་བསྐྱལ་ཡོང་བའི་གཏམ་བཟང་དེ་གོ་དུས་གཞི་ནས་སེམས་བདེ་བོ་བྱུང་། ཕྱི་ཉིན་ཞོགས་པ་ལག་སྒམ་དམར་སྨུག་དེ་ཤེས་རབ་སྐལ་ལྡན་སྒོ་འགྲམ་དུ་བཞག་འདུག

ཕྱི་ཉིན་སྤྱི་ཟླ་དགུ་པའི་སྤྱི་ཚེས་བཅུ་དགུའི་ཉིན་མོ་ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་བོད་ཁང་ལ་དཔོན་སློབ་ཚང་མ་མཉམ་འཛོམས་ཐོག་གསོ་སྦྱོང་གི་སྡོམ་པ་མཉམ་ལེན་དང་། ངས་ཀྱང་གསོ་སྦྱོང་གི་ཕན་ཡོན་དང་དུས་ཁྲིམས་ཡན་ལག་བརྒྱད་པའི་བསྲུང་བྱ་རྣམས་ཀྱང་སླ་ཆོས་སུ་མ་བཞག་པར་གསེད་བཀྲོལ་དང་འགྲེལ་བཤད་མདོར་བསྡུས་གྲུབ་མཚམས་ཞོགས་ཟས་ལ་མཉམ་དུ་རོལ། སྔ་ཐུན་དུ་བདེ་ཆེན་ཞིང་སྒྲུབ་པདྨའི་དྲྭ་བ་ཉིད་བྱང་འདྲེན་པ་པདྨ་མཚོ་མོ་ལགས་ཀྱིས་དབུ་མཛད་ནས་དལ་བུས་སྙན་འཇེབས་དབྱངས་གསུམ་ཐོག་མཛེས་ཆོས་དང་གསང་སྔགས་བོན་གྱེར་དུ་མ་སོང་བར་བསྐྱེད་རིམ་དང་རྫོགས་རིམ་ལྷག་པར་དུ་ཡོངས་དག་རྣམ་པ་བཞི་དང་། གསང་སྔགས་ལུང་གི་སྒོ་བཞི་ལས། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། ཞེས་གསུངས་པ་ལྟར་གང་འདོན་རྒྱུའི་ཆོས་རྣམས་སེམས་ཐོག་ཏུ་ཉམས་ལེན་དུ་འགྲོ་བའི་ཐབས་ལ་བརྩོན་བཞིན་བཏོན། བར་སྐབས་སུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་དང་འབྲེལ་མི་མང་རྣམས་ལའང་གནས་སྐབས་དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་ཆོས་བཤད་ཀྱང་གང་དྲག་བགྱིད་ཁུལ་བྱས།

ཆུ་ཚོད་གཉིས་པའི་སྐབས་སུ་ཚོགས་ཁང་གི་བར་ཁྱམས་སུ་ཉིན་གུང་གི་གསོལ་ཚིགས་ལ་མཉམ་དུ་རོལ། བར་གསེང་ཆུ་ཚོད་གཅིག་དང་ཕྱེད་གྲུབ་མཚམས་སྔར་བཞིན་འཚོགས་ཁང་དུ་མཉམ་འཛོམས་བྱས། འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་ཁོག་ཏུ་དམིགས་བསལ་གྱི་ཆོས་ཁྲིད་ནི་ཀུན་བཟང་བླ་མའི་ཞལ་ལུང་དེ་ཡིན་སྟབས་ཉིན་རྒྱབ་བྱང་འདྲེན་པས་མནྜལ་དང་། ཆོས་ཞུ་བསྐུལ་གྲུབ་མཚམས་སྔར་ལོའི་ཀུན་བཟང་བླ་མའི་ཞལ་ལུང་གི་ཆོས་ཁྲིད་ཀྱི་འཕྲོ་དེ་ནས་མུ་མཐུད་ནས་ཆོས་བཤད་བྱས། ཀུན་བཟང་བླ་མའི་ཞལ་ལུང་ནི་ལྡེབ་མ་དྲུག་བརྒྱ་ཁ་ལྷག་ཅན་གྱི་སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཞིག་ཡིན་ཅིང་ནང་དོན་དུ་རྫ་དཔལ་སྤྲུལ་ནས་ཐུན་མོང་ཐུན་མིན་གྱིས་ཆོས་རྣམས་ཡོངས་སུ་རྫོགས་པ་གདམས་ངག་དམར་ཁྲིད་ཀྱི་ཚུལ་དུ། བླ་མའི་མཆོག་མཚང་ལ་རྒོལ་བ་དང་། གདམས་ངག་གི་མཆོག་མཚང་ཐོག་ཏུ་ཁེལ་བ་གསུངས་ལྟར་རང་ཉིད་ལེགས་སུ་འདོད་པའི་ཤེས་ལྡན་ཞིག་ཡིན་ནས་བཟུང་སྟེ། ཉོན་མོངས་ནད་ངན་གྱིས་མནར་བའི་དུས་སྐབས་འདིར་ཟབ་ཆོས་འདི་ནི་ཆེས་ཕུལ་དུ་ཕྱིན་པ་ཞིག་ཡིན་སྟབས་གུས་པར་ཉམས་ལེན་ཡོད་མེད་ལ་མ་ལྟོས་པར་ཀུན་སློང་བསམ་པ་བཟང་པོའི་ངང་ནས་གང་ཤེས་རྣམས་རས་ཆོད་དང་། གཟུ་ལུམ། ཕོ་ཚོད་དང་ཧམ་ཆེད་ཀྱི་དབང་དུ་མ་སོང་བར་འགྲེལ་བཤད་བྱེད་ཁུལ་བྱས། ཆོས་བཤད་གྲུབ་མཚམས་ཞིང་སྐྱོང་སེང་གདོང་ཡབ་ཡུམ་དང་། བཀའ་སྲུང་ཤྭ་ནའི་ཕྲིན་བཅོལ་མདོར་བསྡུས་རྗེས་ཆོག་དང་ཞབས་བརྟན་བསྔོ་སྨོན་སོགས་ཀྱིས་དགུང་མོ་ཆུ་ཚོད་བཞི་དང་ཕྱེད་ཐོག་ཉིན་གཅིག་གི་མཛད་རིམ་རྣམས་ལེགས་པར་ཡོངས་སུ་གྲོལ། ཞིང་སྒྲུབ་སྐབས་སུ་དམར་ཟས་དང་ལྟ་ཅི་ཉིན་གུང་གསོལ་ཚིགས་གྲུབ་མཚམས་ཞོ་དང་འོ་མ་ཉུང་ཙམ་མ་གཏོགས་དགོང་མོའི་ཟས་བཟའ་སྲོལ་མེད། འོན་ཀྱང་ལོ་ན་མཐོན་པོ་ཅན་དང་། ནད་པ། དེ་བཞིན་དུ་སོ་སོའི་གཟུགས་པོའི་གྲུབ་ཆའི་དབང་གིས་ལྟོ་བར་ཟས་རིགས་དགོས་མཁན་རྣམས་ལ་ནི་དམིགས་བསལ་ཡིན་ནོ།

བར་གསེང་གི་ངལ་གསོ་ཉིན་འགའ་ཡི་རིང་ཉིན་རེ་བཞིན་བོད་རིགས་ཆོས་གྲོགས་རྣམས་ཀྱི་སོ་སོའི་འདོད་པ་ལྟར་ལྟོ་ཕད་རྒྱབ་ཏུ་ཁུར་ནས་ཉིན་རེ་མི་ཚང་རེར་གནས་སྤོ་བྱེད་བཞིན་བོད་ཟས་འདྲ་མིན་ལ་རོལ་ཞིང་ཕན་ཚུན་སྐྱིད་སྡུག་གི་ཁ་བརྡ་བྱེད་རྒྱུ་དེ་ཡིན། དེ་ནི་ལུས་ཡིན་ཏེ་ང་པོར་ལེན་ཌི་ལ་ལོ་གཅིག་ལ་ཐེངས་གཅིག་རེ་མ་གཏོགས་ཡོང་ཐུབ་ཀྱི་མེད་སྟབས་ད་རེས་ཀྱི་དུས་ཚོད་འདི་དང་གོ་སྐབས་བསྟུན་ནས་དཀའ་ལས་ཅུང་ཟད་ཡོད་ཀྱང་བཟོད་པའི་ཆ་གྱོན་ནས་མི་མང་གི་འདོད་བློ་ཡོངས་སུ་བཀང་རྒྱུ་དེ་རེད། ཉིན་རྗེས་མ་རྣམས་སུ་ཉིན་དང་པོའི་མཛད་རིམ་ལྟར་གཅིག་མཚུངས་ཡིན། ཉིན་ཐ་མར་བདེ་ཆེན་ཞིང་སྒྲུབ་ཆོ་ག་མདོར་བསྡུས་ཀྱི་སྒོ་ནས་ཚོགས་འཁོར་དང་། མར་མེ་སྨོན་ལམ། མནྜལ་དང་ཁ་བཏགས་འབུལ་འདེགས་སོགས་ཀྱིས་མཛད་སྒོ་ལེགས་པར་གྲོལ། བདེ་ཆེན་ཞིང་སྒྲུབ་ཆེན་མོ་འདིར་མི་རྣམས་ཀྱིས་དོ་སྣང་ཆེ་རུ་སོང་བ་དང་མ་ཟད་ལོ་རེ་བཞིན་གསར་ཞུགས་ཀྱི་མི་སྣ་ཡང་ཇེ་མང་ལ་འགྲོ་གི་ཡོད་པའི་ཚོར་སྣང་བྱུང་། འདི་ལོར་བདེ་ཆེན་ཞིང་སྒྲུབ་ཀྱི་མཛད་སྒོ་གྲུབ་མ་ཐག་སྔ་ནས་འཆར་གཞི་ལྟར་ཡུན་འདྲིས་དམ་གཙང་བློ་ཐུབ་ཀྱི་ཆོས་གྲོགས་ཚེ་རིང་ཆོས་འཕེལ་དང་། ཚེ་རིང་སྒྲོལ་མ་གཟའ་མི་གཉིས་ཀྱི་ནང་དུ་ངལ་གསོའི་ཕྱིར་དུ་ཉིན་འགའ་ཤས་རིང་ལྷོད་དལ་ངང་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་།

༼2 New YorK

སྤྱི་ཟླ་བཅུ་པའི་སྤྱི་ཚེས་གཅིག་ཉིན་ཉིའུ་ཡོག་ལ་འབྱོར། གནམ་ཐང་དུ་ཆོས་གྲོགས་ཕ་ཡུལ་ལྷོ་ཨ་མི་རི་ཀ་ཀོ་ལམ་བྷི་ནས་ཡིན་པ་Esmerada ཆོས་མིང་དུ་ཀརྨ་ཆོས་སྒྲོན་གཟའ་མི་གཉིས་ནས་ལག་ཏུ་ཁ་བཏགས་བཟུང་ནས་སྒུག་འདུག ཡུན་རིང་མ་ཐུག་པའི་སློབ་བུ་རྣམས་ལ་ཁ་བརྡ་བྱེད་བཞིན་ཁོ་རང་ཚོའི་ནང་དུ་འབྱོར་ཞིང་དེ་ནུབ་དེར་བསྡད། ཕྱི་ཉིན་སྔ་ནས་གྲ་སྒྲིག་བྱས་པ་ལྟར་ཉིན་གུང་ཕ་ཡུལ་ལྷོ་ཨ་མི་རི་ཀའི་ཕྱོགས་ནས་ཡིན་པའི་མི་རིགས་འདྲ་མིན་འགའ་ལ་ཆོས་བཤད་ཐུང་ཙམ་བྱས། འོད་དཔག་མེད་ཀྱི་བསྙེན་པའི་བཟླས་ལུང་སོགས་ཀྱང་བཏོན། འགའ་ཤས་ལ་སོ་སོའི་འདོད་པ་ལྟར་སྐྱབས་སྡོམ་ཡང་སྤྲད། ཉིན་རྒྱབ་ངོས་ཀྱི་ཚ་བོ་བཀྲ་ཤིས་རྡོ་རྗེ་དང་། ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་གཉིས་ཀྱི་ནང་དུ་སོང་ནས་དེ་ནུབ་དེར་བསྡད། ཕྱི་ཉིན་སྔ་ནས་དུས་ཆད་བྱས་པ་ལྟར་ཡུན་རིང་འདྲིས་པའི་ཆོས་གྲོགས་མགོན་པོ་དང་། བསྟན་འཛིན་རིན་ཆེན་གཙོས་བོད་རིགས་ཆོས་གྲོགས་འགའ་དང་མཉམ་དུ་Jackson Heights ཞེས་བོད་རིགས་འདུ་འཛོམས་བྱེད་སའི་ས་གནས་དེར་སོང་ནས་བོད་ཟས་ལ་མཉམ་རོལ་དང་། བོད་ཆས་སོགས་ཅ་དངོས་ཕྲན་བུ་རེའང་ཉོས། ཉིའུ་ཡོག་གི་ས་གནས་འདི་ནི་ང་ཆེས་མི་དགའ་སའི་ཁོར་ཡུག་གཅིག་པུ་དེ་ཡིན་ཀྱང་དུས་ཚོད་ཐུང་ངུའི་འགྲུལ་བཞུད་ཙམ་ལ་མི་འགྲིག་པ་གང་ཡང་མི་འདུག གང་ལ་གོམས་ན་མཐའ་མཇུག་ཏུ་ཆེས་དགའ་ཤོས་ཅན་ཞིག་ཏུ་འགྱུར་བ་དངོས་པོའི་ཆོས་ཉིན་ཡིན་སྟབས་དེང་སང་ལོ་ཆུང་གཞོན་སྐྱེས་མང་པོ་ཞིག་ས་གནས་འདིར་ཤ་རུལ་ལ་སྦྲང་མ་འཁོར་བ་ནང་བཞིན་ཆེས་དགའ་མོས་བྱེད་ཀྱི་ཡོད།།

༼3 Boston
ཕྱི་ཉིན་སྔ་ནས་གྲ་སྒྲིག་བྱས་ཟིན་པ་ལྟར་ཕྱི་རྒྱལ་བའི་ཆོས་གྲོགས་འགའ་ཡིས་ཉིའུ་ཡོག་མེ་འཁོར་འབབས་ཚུགས་སུ་བསྐྱེལ་མ་བྱས། མེ་འཁོར་འབབས་ཚུགས་ནས་ཆོས་གྲོགས་སློབ་མ་འགའ་ཡིས་གྱེས་བྲལ་སྐབས་སུ་མིག་ནས་མཆི་མ་དོན་བཞིན་ bye bye please take care. I hope to see you soon!

ཞེས་ལག་པས་ཡོམ་ཡོམ་བྱེད་པ་མཐོང་དུས་ངོས་ཀྱང་སེམས་སྐྱོ་ལྷང་ལྷང་འདྲ་ཞིག་བྱུང་སོང། དེ་ནས་མེ་འཁོར་དུ་ཞུགས་ནས་བྷོ་སི་ཊོན་Boston ལ་སོང་། འགྲོ་དོན་ནི་བོད་པའི་ཕ་མ་རྒན་གོག་གཉིས་ཡོད་པ་དེ་ཡིན། ཨ་མ་ཡེ་ཤེས་དང་། དཀོན་མཆོག་དཔལ་བཟང་གཉིས་རེད། ཁོང་གཉིས་ནི་ངོས་ཀྱི་ལས་དབང་གིས་རྙེད་པའི་ཚེ་སྨད་ཀྱི་ཕ་མ་གཉིས་པོ་དེ་ཡིན། དཀོན་མཆོག་དཔལ་བཟང་ནི་ང་སྐྱེ་བའི་ལོ་དེར་ཨ་རིར་འབྱོར་ནས་ད་ལྟ་མི་ལོ་དྲུག་བཅུ་ཟིན་པ་རེད། ནང་མི་འདི་ཡི་ཕ་མ་གཉིས་པོ་ཨ་རིར་འབྱོར་ནས་ལོ་གྲངས་མང་པོ་དེ་ཙམ་ཡིན་ཀྱང་ནམ་རྒྱུན་བོད་ཀྱི་ལྟ་བ་དང་། སྤྱོད་ལམ་སོགས་ལ་འགྱུར་བ་གཏན་ནས་མ་སོང་བའི་དེང་སང་བོད་གཞི་བྱེས་གཉིས་གང་ནས་བཙལ་ཡང་ཧ་ཅང་རྙེད་པར་དཀའ་བའི་སྲོལ་རྒྱུན་བོད་ཀྱི་ཆོས་དང་རིག་གཞུང་གི་དྲི་ངད་མ་ཡལ་བའི་མི་ཚང་བཟང་པོ་ཞིག་ཀྱང་ཡིན། ལྷག་པར་དུ་ངོས་ཀྱི་ཆེས་ཟ་མ་དགའ་ཤོས་ཟྭ་ཐུག་རྩམ་པ་དང་མཉམ་དུ་བཟའ་རྒྱུ་དེ་ཡིན་སྟབས་རྒན་གོག་གཉིས་ནས་ཁང་པའི་རྒྱབ་ལོགས་སུ་ཟྭ་ཡི་ལྡུམ་ར་བཟོས་ནས་ག་དུས་ཡིན་ཀྱང་ཨ་མ་ཡེ་ཤེས་ནས་ཟྭ་ཐུག་ཞིམ་པོ་ཞིག་བསྐོལ་ནས་སྟེར་གྱི་ཡོད། མེ་འཁོར་འབབས་ཚུགས་སུ་ཕ་དཀོན་མཆོག་དཔལ་བཟང་དང་། བུ་མོ་ཆུང་བ་བསྟན་ལྷ་གཉིས་བསུ་བ་རུ་སླེབས་འདུག

ནང་མི་འདིར་ཕན་ཚུན་དངོས་སུ་མ་ཐུག་ཡུན་རིང་སོང་བས་དང་པོ་བོད་ཀྱི་ལུགས་སྲོལ་ལྟར་ཐོད་གཏུག་དང་། དེ་ནས་ནུབ་ཕྱོགས་པའི་ལུགས་སྲོལ་ལྟར་འཐམ་འཁྱུད་དང་ལག་འཇུ་སོགས་ཅི་རིགས་བྱས་ནས་རླངས་འཁོར་དུ་ཞུགས་ནས་ནང་དུ་འབྱོར་སྐབས་ཨ་མ་ཡེ་ཤེས་ལགས་ནས་ཁྱིམ་ལྷའི་གཡང་དྲོད་མ་ཡལ་བར་ཁྱིམ་ནང་ལ་ཚ་སོབ་སོབ་ངང་ནས་ངོས་ཀྱི་ཟ་མ་ཆེས་དགའ་ཤོས་ཟྭ་ཐུག་གཡོ་བསྐོལ་བྱས་ནས་སྒུག་འདུག མགྲོན་པོ་རང་ཁྱིམ་དུ་སླེབས་པའི་དཔེ་ལྟར་དེ་ནུབ་ཕན་ཚུན་ཁ་བརྡ་ལ་རོལ་བཞིན་ལྷོད་དལ་ངང་དེར་བསྡད།

ཕྱི་ཉིན་སྔ་ནས་དུས་ཆད་བྱས་པ་ལྟར་ངོས་ཀྱི་ཡུན་རིང་འདྲིས་པའི་ཆོས་གྲོགས་Ed Hardy ཆོས་མིང་དུ་ཀརྨ་ཤེས་རབ་ལགས་སླེབས་བྱུང་བས་ངེད་གཉིས་ཁོ་རང་གི་ནང་དུ་སོང་། ཁོང་ནི་ཕྱི་ཚུལ་དུ་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་དཔོན་Minster ལྷ་ཁང་འགའ་ཤས་རྣམས་སུ་ཆོས་བཤད་བྱེད་མཁན་གྱི་མཁས་དབང་ཞིག་ཡིན་ཀྱང་ནང་དུ་བོད་རྒྱུད་ནང་བསྟན་ལ་ཉམས་ལེན་རྩེ་གཅིག་གནང་མཁན་རིག་པའི་རྗེས་འབྲངས་བ་ཞིག་ཀྱང་ཡིན། ཁོང་གི་ནང་དུ་ནང་ཆོས་ཀྱི་དེབ་གྲངས་སྟོང་ཕྲག་མང་པོས་བཀང་ཞིང་ནང་དུ་འབྱོར་བ་དང་མཉམ་དུ་དཔེ་མཛོད་ཁང་ལ་སླེབས་པའི་ཚོར་སྣང་སྟེར་གྱི་ཡོད། ཟུར་དུ་ཁང་མིག་ཞིག་གི་ནང་ལ་བོད་ཀྱི་ཐང་སྐུ་དང་། མ་ཟད་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་པར་དང་ངོས་དང་ངོས་ཀྱི་རྩ་བའི་བླ་མའི་པར་རྣམས་ཀྱང་གང་སར་མཐོང་རྒྱུ་ཡོད།  འདས་པའི་ལོ་འགའ་ཡི་རིང་ཁོང་ནི་ཡེ་ཤུའི་ཆོས་བཤད་ཀྱི་ལས་ཀ་ཡོངས་རྫོགས་ནས་རྒན་ཡོལ་ཞུས་ནས་ད་ལྟ་ཁོང་གི་གཟའ་ཟླ་བུད་མེད་ཡ་རབས་ཤིག་མཉམ་དུ་ཨ་སྒོར་ས་ཡ་གཅིག་དང་འབུམ་བཞི་ཅན་གྱི་ཁང་པ་གསར་པ་ཞིག་ཉོས་ནས་སྐྱིད་པོའི་ངང་ནས་བཞུགས་འདུག
དགོང་མོ་ཁོང་གི་འདོད་པ་ལྟར་ཐག་ཉེ་སར་ཡོད་པའི་འཚོགས་ཁང་ཞིག་གི་ནང་དུ་ཁོ་རང་གི་གྲོགས་ཕོ་མོ་སུམ་བཅུ་མ་ཟིན་ཙམ་ཞིག་ལ་བདེན་བཞིའི་སྐོར་འགྲེལ་བཤད་མདོར་བསྡུས་དང་། སྒོམ་དང་འོད་དཔག་མེད་ཀྱི་བཟླས་ལུང་སོགས་ཀྱང་བྱས། དེར་ཡོད་ཀྱི་མི་ཚང་མས་ངོས་ཀྱི་ཆོས་བཤད་ལ་དགའ་བོ་བྱས་སོང་། ལྷག་པར་དུ་ཆོས་བཤད་བཞིན་པའི་སྐབས་སུ་ངོས་ཀྱི་ཆོས་གྲོགས་ཀརྨ་ཤེས་རབ་ནས་འདི་ལྟར་ཟེར།
“Wow, oh my gosh Khenpo la. Your English improved a lot from 10 years ago. I remember before in Boston we had to use 3 dictionaries to translate. Now you give an introduction to Buddhism Dharma teaching in English!”

སྤྱིར་བཏང་ལོ་བཅུ་ཡི་ཡར་སྔོན་གྱི་ངོས་དབྱིན་ཇི་ཆག་རོ་དེ་བསྡུར་ན་ཡར་རྒྱས་ཕྱིན་ཡོད་པ་ངས་ཀྱང་ཤེས། འོན་ཀྱང་ནུབ་ཕྱོགས་པའི་མི་འདི་རྣམས་ལ་བཟང་ཆ་ཞིག་ཡོད་པ་དེ་ནི་བསྟོད་རིན་དེ་ཙམ་མེད་ཀྱང་གཞན་ལ་སྤོབས་པ་བསྐྱེད་བཅུག་ནས་བསྟོད་སྔགས་གྱི་མཐེ་བོང་བགྲེང་མཁན་ལས། གཞན་ལ་མ་རབས་སྨད་བཤད་དང་། ཟུར་ཟ་སོགས་ཀྱིས་གཉའ་ཕབས་ཤིང་མཛུབ་ཆུང་བསྟན་མཁན་གཏན་ནས་མེད། གཅིག་བྱས་ན་ཁོང་གིས་ཀྱང་དེ་རིང་བན་རྒན་ང་སེམས་ཤུགས་འཕར་བཅུག་པ་རེད་བསམ། གང་ལྟར་ངས་ཀྱང་དེའི་ལན་དུ་འཛུམ་དང་བཅས། ཐང་ཀེ་ཡུའུ། ཟེར་བའི་སྤྱི་ཚིག་འདི་བེད་སྤྱོད་གཏོང་རྒྱུ་ཙམ་ལས་ལན་གཞན་གང་ཡང་མ་རྙེད། དེ་ནུབ་ཁོང་གི་ནང་ལ་བསྡད་ནས་ཕྱི་ཉིན་སྔར་བཞིན་ཨ་མ་ཡེ་ཤེས་དང་དཀོན་མཆོག་དཔལ་བཟང་གཉིས་ཀྱི་ནང་དུ་འབྱོར་ནས་ཁང་པའི་རྒྱབ་ལོགས་སུ་རི་བོ་བསང་མཆོད་དང་། གནས་ཆེན་བྱིན་འབེབས་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཀྱང་བྱས།

༼4 Chicago

ཕྱི་ཉིན་བྷོ་སི་ཊོན་གནམ་ཐང་ནས་ཆི་ཀ་སྒོ་ལ་འབྱོར། ཡང་གནམ་ཐང་དེར་ཆོས་གྲོགས་Tony ཆོས་མིང་དུ་ཀརྨ་ཆོས་དབྱིངས་ནས་ལག་ཏུ་ཁ་བཏགས་བཟུང་ནས་སྒུ་འདུག་སྟབས་རླངས་འཁོར་དུ་ཞུགས་ནས་གནམ་ཐང་ནས་སྐར་མ་སུམ་བཅུ་ཙམ་གྱི་སར་ཡོད་པའི་ཁོ་རང་གི་ནང་ལ་སོང་། ཕྱི་ཉིན་ཁོ་རང་གི་གྲོགས་པོ་ཨ་ཧྥི་རི་ཀ་ནས་ཡིན་པའི་ནང་པ་དང་ཧིན་དྷུ་ཆོས་ལུགས་འདྲེས་མ་ཡིན་པའི་མིང་ལ་ Bhagwan Ra Afrika ནང་མི་ལ་ཐུག་འཕྲད་བྱེད་ཞོར་སྔ་ནས་གྲ་སྒྲིག་བྱས་པ་ལྟར་ས་གནས་དེར་སྐད་གྲགས་ཅན་གྱི་ས་ཆ་འགའ་རུ་ལྟ་སྐོར་ལའང་སོང་། ཀརྨ་ཆོས་དབྱིངས་ཀྱི་གྲོགས་པོ་Carlo དང་ལྷན་མཛེས་སྡུག་ལྡན་པའི་ཆི་ཀ་སྒོའི་རྒྱལ་ས་ལ་འཁྱམས་ཉུལ་བྱས། ཕྱི་ཉིན་ཀརྨ་ཆོས་དབྱིངས་ཀྱི་ཕ་རྒན་ཆེས་འབྱོར་ལྡན་ཅན་གྱི་མི་ཚང་ཞིག་ནང་དུ་ལྟ་སྐོར་དུ་ཁྱུག་ཙམ་རིང་སོང་། མི་རིགས་འགའ་ལ་ངོས་ཀྱི་ལོ་རྒྱུས་དང་ཆོས་བཤད་མདོར་བསྡུས་ཤིག་ཀྱང་བྱས། Tony འམ་ཀརྨ་ཆོས་དབྱིངས་ནི་ཕོ་སར་ལོ་ཆུང་ལྟད་བཟོ་དོད་པོ་དང་སྣང་བ་སྐྱིད་པོ་ཅན་ཞིག་ཡིན། ཁོང་ནི་ནང་པའི་ཆོས་ལ་ཧ་ཅང་དགའ་བ་མ་ཟད་ང་ལ་ར་གན་གསེར་རློམ་གྱི་དད་འདུན་ཧ་ཅང་ཟབ། མི་ལོ་བདུན་ཙམ་སྔོན་ནས་ང་སར་སྐྱབས་སྡོམ་ཞུས་ནས་མིང་ལ་ཀརྨ་ཆོས་དབྱིངས་སུ་གཏགས། ད་ལྟ་ལས་ཞོར་དུ་རྒྱལ་གཅེས་འཇམ་དབྱངས་ཆོས་འཁོར་གླིང་གི་དྲྭ་རྒྱ་དང་གསར་འགོད་དོ་དམ་པའི་ཕྱག་ལས་དང་ང་རང་སྒེར་གྱི་དྲུང་ཡིག་ཀྱང་ཡིན། མི་གཞི་བཟང་ཞིང་ནང་ཆོས་ལ་དོ་སྣང་ཧ་ཅང་ཆེ། འདས་པའི་ལོ་བདུན་ཙམ་གོང་ངོས་ཀྱི་འགྲམ་སོ་གཡས་པའི་སོ་ལྷག་ཞིག་བཀོག་དགོས་བྱུང་བས་སྐབས་དེ་དུས་ཀརྨ་ཆོས་དབྱིངས་ཀྱི་འདོད་པ་ལྟར་ངོས་ལ་ཕན་ལས་གནོད་ཆེ་བའི་སོ་ལྷག་དེ་ཁོ་རང་ལ་སྤྲད། ད་རེས་ཁོ་རང་གི་ནང་དུ་སླེབས་པའི་སྐབས་སུ་སྔར་ངོས་ཀྱི་སོ་དེ་ཤེལ་གྱི་མཆོད་རྟེན་ཆུང་ཆུང་ཞིག་གི་ནང་དུ་བཞག་ནས་ཁོ་རང་གི་མཆོད་གཤམས་ཁྲོད་རྟེན་གྱི་གཙོ་བོ་བྱས་ནས་སྒྲིག་འདུག ངོས་ལ་སྡུག་བསྔལ་ཚད་མེད་གཏང་བའི་སོ་ལྷག་དེ་ཁོ་རང་གི་མཆོད་གཤམས་ཁྲོད་དུ་མཐོང་དུས་སེམས་ལ་ཁྱད་མཚར་འདྲ་ཞིག་བྱུང་སོང་། ཧ་ཧ་ཧ། སྐབས་རེ་ཀརྨ་ཆོས་དབྱིངས་ནས་འདི་ལྟར་ཟེར་མྱོང་ཡོད། ༼མ་འོངས་པར་ཁྱོད་རང་གི་ལྷམ་གོག་རྙིང་པ་དེ་རྣམས་གད་སྙིགས་ནང་དུ་མ་གཡུགས་ནས་ང་ལ་ཉར་གནང་རོགས༽ཞེས་ཟེར། བོད་ནས་རིག་གནས་གསར་རྗེའི་རྗེས་སུ་བསྟན་པ་ཡང་དར་སྐབས་སུ་བླ་སྤྲུལ་རྣམས་བཙོན་གྲོལ་ཐོབ་པའི་དུས་མི་རྣམས་བླུན་དད་དང་། ཨ་གསར་གཉིས་མཉམ་སྡེབ་ཀྱིས་བླ་མའི་གསོལ་ལྷག་དང་། ན་བཟའ་དབུ་སྐྲ་སོགས་ལ་ཧབ་ཐོབ་བྱེད་དར། ངས་ཀྱང་ལོ་ཆུང་སྐབས་སུ་ངོས་ཀྱི་རྩ་བའི་བླ་མ་བླ་རྒན་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་ཆབ་གཅིན་འཐུང་བ་ལན་གྲངས་མང་པོ་ཡིན། དེང་སང་གི་དུས་དང་ལྷག་པར་དུ་ཨ་རིའི་ནུབ་ཕྱོགས་པའི་འབྱོར་ལྡན་མི་ཚང་ཞིག་གི་གཅེས་ཕྲུག ཕོ་སར་ལོ་ཆུང་འདི་འདྲ་ཞིག་གི་ངག་ལམ་ནས་བླ་མའི་སོ་དང་ལྷམ་གོག་དད་རྟེན་དུ་ཉར་བའི་སྐད་ཆ་གོ་བ་དང་མ་ཟད་མིག་གིས་དངོས་སུ་མཐོང་ཡོང་དུས་སེམས་ལ་བཤད་མི་ཤེས་པའི་ཚོར་བ་ཞིག་ཡོང་གི་འདུག། གང་ལྟར་ཀྱང་ང་ལ་ར་གན་གསེར་རློམ་གྱི་དད་པ་བྱེད་མཁན་ཕོ་སར་འདི་འདྲ་བོ་ནུབ་ཕྱོགས་པའི་སློབ་མ་འགའ་ཤས་ཀྱང་ཡོད།

༼5 Minnesota
ཕྱི་ཉིན་གྲོགས་པོ་ཀརྨ་ཆོས་དབྱིངས་ནས་མེ་ནི་སོ་ཊའི་གནམ་ཐང་ལ་བསྐྱེལ་མ་བྱས། དེ་ནི་ངོས་ཀྱི་ཕ་ཡུལ་གཅིག་པ་དང་མ་ཟད་ཡུན་རིང་འདྲིས་པའི་གྲོགས་པོ་ཨོ་རྒྱན་དར་རྒྱས་ནས་མགྲོན་འབོད་ལྟར་ཡོང་བ་ཞིག་ཡིན། ཁོང་གིས་གནམ་ཐང་ནས་སྒུག་འདུག་སྟབས་ཡུན་རིང་མ་ཐུག་པའི་གྲོགས་པོ་ལ་གནམ་ཐང་ནས་དགྱེས་འཛོམས་བྱུང་བས་ཧ་ཅང་དགའ་བོ་བྱུང་། རླངས་འཁོར་དུ་ཞུགས་ནས་ཐག་ཉེར་ཡོད་པའི་ཁོང་གི་ནང་ལ་སོང་། གཟའ་ཟླ་ཆོས་ལྷ་བོད་ལ་གཞིས་སྐོར་དུ་བསྐྱོད་པ་དང་ཁེལ་ནས་ད་རེས་གྲོགས་པོ་ནི་མི་འདོད་བཞིན་དུ་ནང་གི་ཕ་མ་གཉིས་ཀའི་གོ་ཆོད་བྱེད་དགོས་ཐུག་གདའ། དེར་ཉིན་གཉིས་བསྡད་རིང་ས་གནས་དེའི་བོད་རིགས་མང་དག་ཞིག་ལ་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་། ལྷག་པར་དུ་ཡུན་རིང་ནས་འདྲིས་པའི་ཕ་ཡུལ་གཅིག་པ་དཀོན་མཆོག་ཚེ་དབང་གཙོས་ནང་ཆེན་བ་འགའ་ལའང་ཐུག མེ་ནི་སོ་ཊ་ནི་ཨ་རིའི་ལུང་པར་ཉིའུ་ཡོག་ཕུད་པའི་སྐྱབས་བཅོལ་བའི་བོད་རིགས་འདུ་སྡོད་བྱེད་ས་མང་ཤོས་ཨང་གཉིས་པ་དེ་ཡིན་སྐད་གདའ།
མ་འོངས་པར་ས་གནས་འདིར་བདེ་ཆེན་ཞིང་སྒྲུབ་གསར་འཛུགས་བྱེད་དགོས་པའི་འབོད་སྐུལ་བྱེད་མཁན་ཡང་བྱུང་བས་ངས་ཀྱང་དེ་བཞིན་དང་ལེན་ཞུས། འདས་པའི་ལོ་འགའ་ཡི་རིང་འཛམ་བུ་གླིང་གི་སྤྱི་ཚོགས་ཀྱི་ཁྲོད་འདིར་རྒྱ་ནད་ཀོ་ཝེད་ནད་དུག་གཡས་ནས་ཁྱབ་བཞིན་པའི་དུས་སྐབས་འདིར། སྟབས་མ་ལེགས་པ་ཞིག་ལ་བོད་རིགས་སྤྱི་ཚོགས་ཁྲོད་དུའང་དགོས་མེད་ཀྱི་ཆོལ་ཁའི་ནད་ངན་གྱིས་གཡོན་ནས་ཁྱབ་ནས་བཟུང་ད་ལྟའང་ས་གནས་མེ་ནི་སོ་ཊ་ལ་ངོས་ཀྱི་ཆེས་མི་དགའ་ས་ཆོལ་ཁ་དང་ལུང་ཚན་གྱི་ནད་ངན་དེ་དར་ས་ཤུགས་ཆེ་ཤོས་ཤིག་ཡིན་སྐད་འདུག སྤྱིར་གཏང་ང་ལྟ་བུ་ལ་མཚོན་ན་བོད་རིགས་སུ་ཡིན་ཀྱང་ཐུག་འདོད་ཧ་ཅང་ཆེ་ཡང་། དོན་མེད་ཆོལ་ཁ་དང་ལུང་ཚན་གྱི་འཐེན་ཁྱེར་རྙོག་དྲའི་འགོས་ནད་འདི་ལ་ནམ་རྒྱུན་གཟབ་གཟབ་བྱེད་ཀྱི་ཡོད། ཨོ་རྒྱན་དར་རྒྱས་ཀྱི་ནང་ནི་ཕྱི་དབྱིབས་སུ་ཨ་རིའི་ཁང་པའི་བཟོ་ལྟ་ཡིན་ཀྱང་ནང་ལོགས་སུ་བོད་ཀྱི་སྲོལ་རྒྱུན་གྱི་ནང་ཆས་མཛེས་བཟོ་ཅན གྲུམ་གདན། ཅོག་ཙེ། རྒྱབ་སྔས་སོགས་ཕར་ལྟས་ཚོད་ལ་རྫིག་ཉམས་དོད་པོ་བྱས་ནས་བསྡད་འདུག ཁོང་གིས་ཆོས་རྒྱ་ཆེན་པོ་་མི་ཤེས་ཀྱང་ཆོས་དང་བླ་མ་ལ་དད་པ་བྱེད་མཁན་ཞིག་ཀྱང་ཡིན། ཁོང་གི་ནང་ལ་ཡོད་པའི་མཆོད་གཤམས་དང་སྐུ་འདྲ་ཐང་ཀ་སོགས་ནི་ཆེ་ཆུང་དང་རྒྱུ་སྤུས་རིན་གོང་སོགས་ང་ཡི་ཆོས་ཚོགས་ལས་ཀྱང་བཟང་། སྐབས་རེ་ངས་མཚར་རྩེད་དང་སྦྲག། ༼ཨོ་རྒྱན་གསང་སྔགས་ཆོས་འཁོར་དགའ་ཚལ་དར་རྒྱས་གླིང་།༽ ཞེས་བོད་ཀྱི་ཡོད། མིང་འདིའི་ནང་དུ་ཁོ་རང་ཚོའི་གཟའ་མི་གསུམ་པོའི་མིང་ཆ་ཚང་འདུས་ཡོད། ཧ་ཧ་ཧ། ཕྱི་ཉིན་སྔ་དྲོ་ཨོ་རྒྱན་དར་རྒྱས་ནས་གནམ་ཐང་ལ་བསྐྱེལ་མ་གནང་ཞིང་མེ་ནི་སོ་ཊ་གནམ་ཐང་རྒྱུད་ནས་རང་གི་གཡར་པོའི་གནས་ཚང་གི་མངའ་སྡེ་ཆེས་དགའ་ཤོས་མཛེས་སྡུག་ལྡན་པ་California ཁ་ལི་ཧྤོ་ནི་ཉ་བྱང་ཕྱོགས་མོན་ཊེའུ་རེའི་Monterey གནམ་ཐང་དུ་དགོང་མོ་ཆུ་ཚོད་བདུན་པའི་སྐབས་སུ་བདེ་འབྱོར་བྱུང་། གནམ་ཐང་ནས་ཆོས་ཚོགས་ཀྱི་དྲུང་ཡིག་ཆོས་མིང་དུ་ཀརྨ་དཔལ་ལྡན་དང་། དད་ལྡན་མ་ཨ་མ་ཀུན་བཟང་དབང་མོ་གཉིས་ནས་ལག་ཏུ་ཁ་བཏགས་བཟུང་ནས་སྒུག་འདུག ངེད་གསུམ་རླངས་འཁོར་གྱི་ཁ་ཕྱོགས་ཞི་བདེའི་མཚོ་འགྲམ་དུ་སྐོར་ནས་ད་ཐེངས་ཀྱི་འགྲུལ་བཞུད་ཟླ་བ་གཅིག་མ་ཟིན་ཙམ་གྱི་རིང་མངའ་ཨ་རིའི་མངའ་སྡེ་མ་འདྲ་བ་ལྔ་ལ་ཆོས་ཕྱོགས་ཀྱི་སྐོར་བསྐྱོད་རྣམས་ལེགས་པར་གྲུབ་ནས་རང་ཁྱིམ་ལ་གེགས་མེད་བདེ་རླག་ངང་འབྱོར་བའོ།

གནམ་གྲུའུ་ནང་ནས།

                                                          ཉིན་ཐོ་དེ་ཙམ་ཡིན། ཚང་མ་ལ་བཀྲ་ཤིས་བདེ་ལེགས།